འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་7ཉིན།

༄༅།།འབྲི་ཆུའི་འཁྱིལ་མཚོའི་ཉེན་གཡོལ་རྒུད་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། གསར་འགོད་པར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། འབྲི་ཆུའི་འཁྱིལ་མཚོའི་གནོད་འཚེ་ཐོན་རྗེས། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། ཀྲོའུ་དང་རྫོང་གིས་ཉེན་གཡོལ་རྒུད་སྐྱོབ་བྱས་པ། དཔལ་ཡུལ་དང་། འབའ་ཐང་། སྡེ་རོང་། སྡེ་དགེ་བཅས་རྫོང་བཞི་དང་དེ་བཞིན་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་། རྒྱལ་ཁབ་ས་ཆ། ཆུ་དོན། གནམ་གཤིས། སྤྱི་བདེ། མེ་ཟོན། གློག་ཤུགས། འཕྲིན་གཏོང་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་འཕྲལ་མ་ཉིད་དུ་འཕྲལ་སྡོམ་བཀོད་སྒྲིག་ལས་དོན་སྤེལ་ནས་ཉེན་ཁ་འཕྲད་པའི་མང་ཚོགས་9078ཉེན་གཡོལ་གནས་སྤོས་བྱས་ཏེ་མང་ཚོགས་ལ་སེམས་གསོ་གཏོང་བ་དང་འཚོ་བའི་འགན་ལེན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11ཚེས་4ཉིན་གྱི་མཚན་མོ། རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུས་སྣེ་ཁྲིད་པ་དང་རང་བྱུང་ཐོན་ཁུངས་པུའུ་དང་། ཆུ་བེད་པུའུ། རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་ཚན་པ་ཞུགས་པའི་རིགས་གཅིག་མཁས་ཅན་གྱི་ལས་དོན་ཚོགས་ཆུང་དཔལ་ཡུལ་རྫོང་དུ་འབྱོར་བ་དང་། མཚན་མོར་སི་ཁྲོན་དཀར་མཛེས་ཀྲོའུ་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ལས་དོན་སྙན་ཞུ་ཉན་རྗེས་མིག་སྔའི་གནོད་འཚེ་ཕོག་པའི་གནས་ཚུལ་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཤིང་། དཀར་མཛེས་དང་ཆབ་མདོ་ཡིས་མཉམ་འབྲེལ་བཀོད་འདོམས་པུའུ་བཙུགས་ནས་འཕྲལ་སྡོམ་ཉེན་སེལ་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་བྱས་པ་རེད།
     གནོད་འཚེ་ཐོན་རྗེས། ལམ་རྒྱུད་རྫོང་དང་ཤང་གིས་གོ་རིམ་ལྡན་པའི་ངང་མང་ཚོགས་ཡུལ་གཞན་དུ་གནས་སྤོས་བྱས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོས་བཀོད་སྒྲིག་ལས་དོན་དང་དགུན་སྒྲོལ་གྱི་འབྲེལ་ཡོད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། ཚེས་5ཉིན་གྱི་ཆུ་ཚོད་18པ་བར་གཉེན་ཉེ་དང་གྲོགས་པོའི་སར་སྐྱོད་པ་དང་ཁ་ཐོར་བཀོད་སྒྲིག་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་9078(དཔལ་ཡུལ་རྫོང་གི་མང་ཚོགས་2504དང་། འབའ་ཐང་རྫོང་གི་མང་ཚོགས་2320 སྡེ་རོང་རྫོང་གི་མང་ཚོགས་1086 གཙང་པོའི་རྒྱུད་ཀྱི་ཨར་རྒྱག་ཁེ་ལས་ཀྱི་ལས་མི་3168)ཁ་གཏོར་གནས་སྤོས་བྱས་པ་རེད།