༄༅།།ཁྲོན་ནུབ་ས་མཐོའི་ཞིང་འབྲོག་པའི“ཁ་ལོ་བའི་ལག་ཁྱེར་ལེན་པའི་ཕུགས་འདུན”གྲུབ་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 11ཚེས་04ཉིན། 11:45】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གློག་ཀླད་བེད་སྤྱོད་གཏོང་མི་ཤེས་པ་དང་རྒྱ་ཡིག་ཡག་པོ་མི་ཤེས་པས། ཁྲོན་ནུབ་ས་མཐོའི་ཞིང་འབྲོག་པ་ཚོར་མཚོན་ན། རྒྱལ་ཡོངས་ཚད་གཞིའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་ཁ་ལོ་བའི་ལག་ཁྱེར་ལེན་པའི་བཀག་རྒྱ་ཆེན་པོ་ཞིག་ཏུ་གྱུར་ཡོད། རྒྱ་ཆེའི་ཞིང་འབྲོག་པའི་འཚོ་བ་ལེགས་སུ་ཕྱིན་པ་དང་བསྟུན་ནས། སྒེར་འཁོར་ཉོ་བ་དང་ཁ་ལོ་བའི་ལག་ཁྱེར་ལེན་པ་ནི་ཁོང་ཚོའི་རེ་བ་ཞིག་ཏུ་གྱུར་ཡོད། དཀའ་ངལ་དེ་ཐག་གཅོད་བྱ་ཆེད། སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་ལས་དོན་གསར་གཏོད་སྒྱུར་བཅོས་བྱས་ཏེ། ཞིང་འབྲོག་པའི“ཁ་ལོ་བའི་ལག་ཁྱེར་ལེན་པའི་ཕུགས་འདུན”མངོན་འགྱུར་ཐུབ་པར་བྱས་པ་རེད།
སངས་རྒྱས་སྐྱབས་ནི་རྔ་བ་ཀྲོའུ་མཛོད་དགེ་རྫོང་ཨ་སྐྱིད་རོང་ཤང་མཛོ་མགོ་གྲོང་ཚོའི་འབྲོག་པ་ཞིག་ཡིན་ཞིང་། ཁ་ལོ་བའི་ལག་ཁྱེར་བླངས་ནས་འཇིབ་ཆུང་ཞིག་གཏོང་རྒྱུ་ནི་ཁོང་གི་ཕུགས་འདུན་རེད། “སྔོན་ཆད་རྒྱུགས་ཤོག་སྤྱོད་དུས། ངས་རྒྱ་ཡིག་མི་ཤེས་པས་ཞུགས་ཐབས་བྲལ། ད་ཆ་གློག་ཀླད་སྤྱོད་ཀྱི་འདུག ངས་དེ་བས་མི་ཤེས”ཞེས་སངས་རྒྱས་སྐྱབས་ཀྱིས་བརྗོད། རྒྱལ་ཡོངས་ཀྱི་ཚད་གཞི་ལྟར་ན། ཤང་གི་འབྲོག་པ་མང་ཆེ་བས་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་ལོན་ཐབས་བྲལ།
ཡིན་ན་ཡང་། སངས་རྒྱས་སྐྱབས་བསམ་ཡུལ་ལས་འདས་པ་ཞིག་ལ། ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་བསླབ་དེབ་བོད་ཡིག་ཏུ་བསྒྱུར་ནས་བར་བར་དུ་རི་མོ་ཡང་བྲིས་ཡོད། ཉེ་ཆར་རྒྱུགས་གཏོང་རྩིས་བྱེད་བཞིན་པའི་སངས་རྒྱས་སྐྱབས་ཡིད་ཆེས་ཀྱིས་ཁེངས་བཞིན“ད་ཆ་བོད་ཡིག་ཏུ་བསྒྱུར་ནས་བར་བར་དུ་རི་མོ་ཡང་བྲིས་ཡོད་པས་རྒྱུགས་འཕྲོད་ངེས་རེད”ཅེས་བརྗོད།
རྔ་བ་ཀྲོའུ་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཞིང་འབྲོག་པར་སྐད་རིགས་མི་འདྲ་བའི་དབང་གིས“ཁ་ལོ་བའི་ལག་ཁྱེར་ལེན་དཀའ་བའི”གནད་དོན་ལ་དམིགས་ནས། ཀྲོའུ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གོང་རིམ་སྡེ་ཚན་གྱི་མཛུབ་ཁྲིད་འོག དང་ཐོག་བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་གི་བསླབ་དེབ་དང་རྒྱུགས་གཞི་སྤྱད་དེ་ཧུང་ཡོན་རྫོང་དུ་ཚོད་ལྟ་བྱས་པ་དང་། “བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་དཀའ་ངལ་མི་ཉུང་བ་ཞིག་ཕྲད་བྱུང” འདི་གའི་འབྲོག་ཁུལ་མང་ཚོགས་ཀྱིས་ཨ་མདོའི་སྐད་ལས་མི་ཤེས་པས་དབུས་གཙང་གི་སྐད་ལྟར་བསྒྱུར་པའི་རྒྱུགས་གཞིའི་ནང་དོན་མ་ཤེས་པར་རྒྱུགས་འཕྲོད་མཁན་ཧ་ཅང་ཉུང་ཞེས་རྔ་བ་ཀྲོའུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་དཔོན་ལི་ཏེ་ཧྥུའུ་ཡིས་བརྗོད།
ཡིན་ན་ཡང་། འབྲོག་ཁུལ་མང་ཚོགས་ཀྱི“ཁ་ལོ་བའི་ལག་ཁྱེར་ལེན་དཀའ་བའི”གནད་དོན་ཐག་གཅོད་བྱེད་མཚམས་འཇོག་མྱོང་མེད། 2017ལོར་རྔ་བ་ཀྲོའུ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཨ་མདོའི་སྐད་ཀྱི་རིགས་གཅིག་མཁས་ཅན་དང་དགེ་རྒན་གདན་དྲངས་ནས“ཨ་མདོའི་སྐད་ཀྱི་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཡིག་རྒྱུགས་ཀྱི་སྦྱོང་དེབ”བཟོས་ནས་ཚོད་ལྟའི་བེད་སྤྱོད་བྱས་པ་རེད།
ཨ་མདོའི་སྐད་ཀྱི་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་བསླབ་དེབ་དང་དེ་བཞིན་རྒྱུགས་གཞི་གསར་པ་ཐོན་རྗེས་ཧུང་ཡོན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཆེན་འཁོར་རིགས་དོ་དམ་སུའོ་ཡིས་ཡིག་རྒྱུགས་ཐེངས་20ལྷག་བླངས་པར་མི་ཐེངས་1500ཞུགས་ཡོད་པ་དང་། རྒྱུགས་འཕྲོད་ཚད་དུས་མཚུངས་ལས་20%མང་དུ་ཕྱིན་ཡོད་པ་རེད།
བོད་ཡིག་གི་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་སྒྱུར་བཅོས་བྱས་པ་བརྒྱུད་ཐག་རིང་འབྲོག་ཁུལ་གྱི་མང་ཚོགས་ཚོའི“ཁ་ལོ་བའི་ལག་ཁྱེར་ལེན་དཀའ་བའི”གནད་དོན་ཐག་གཅོད་རགས་ཙམ་བྱུང་བ་དང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2017ལོ་ཚུན་དུ། རྔ་བ་ཀྲོའུ་ཡི་ཞིང་འབྲོག་པ་4600ལྷག་ཙམ་ཁ་ལོ་བའི་རིགས་པའི་གཞུང་ལུགས་ཡིག་རྒྱུགས་ཀྱི་རིན་མེད་གསོ་སྦྱོང་ལ་ཞུགས་ནས་མི་2800ལྷག་རྒྱུགས་འཕྲོད་ཡོད་པ་རེད།