འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་4ཉིན།

༄༅།།“ནུབ་བྱང་ས་མཐོའི་ཟོག་འགྲེམས་ཐོན་ལས་མནའ་འབྲེལ”བཙུགས་ནས་ས་མཐོའི་ཟོག་འགྲེམས་ཀྱི་ཞན་
ཆ་གསབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་03ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31ཉིན། “ནུབ་བྱང་ས་མཐོའི་ཟོག་འགྲེམས་ཐོན་ལས་མནའ་འབྲེལ”སི་ཁྲོན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་དུ་དངོས་སུ་བཙུགས་པ་རེད། དེ་ཉིན་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ་བཅས་ཀྱི་ས་མཐོའི་ཟོག་འགྲེམས་གླིང་གི་ཀྲུང་དབྱང་ཚོང་དོན་ཐོག་བརྩེགས་ཁང་ཆེན་ཡང་དབུན་ཁྲོན་རྫོང་དུ་དངོས་སུ་བསྐྲུན་པ་དེ་ཐོག་ནས་ནུབ་བྱང་ས་མཐོའི་ཟོག་འགྲེམས“ཕྱོགས་རྐྱང་པའི་ལས་ཀ་བྱེད་སྟངས”ནས“ཚོགས་སྒྲིག་རྣམ་པའི་བར་འཕེལ་རྒྱས”བྱུང་སྟེ་ས་མཐོའི་ཟོག་འགྲེམས་ཀྱི་ཞན་ཆ་གསབ་པ་མཚོན་གྱི་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། དེ་ཉིན་བཙུགས་པའི“ནུབ་བྱང་ས་མཐོའི་ཟོག་འགྲེམས་ཐོན་ལས་མནའ་འབྲེལ”ལ་སི་ཁྲོན་དང་། ཀན་སུའུ། ཀྲེ་ཅང་། ཧྲེན་ཀྲེན་སོགས་ས་གནས་སྲིད་གཞུང་དང་། ཟོག་འགྲེམས་མཐུན་ཚོགས། ཆེད་ལས་སློབ་གླིང་དང་སློབ་གྲྭ ཁེ་ལས་སོགས་ཕྱོགས་མང་པོའི་ཐོན་ཁུངས་འདུས་པས། དེ་ནི་མཉམ་སྐྲུན་བྱས་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལས་སྟེགས་ཤིག་རེད། ལས་སྟེགས་དེས་ནུབ་བྱང་ས་མཐོའི་ས་ཁུལ་གྱི་དེང་རབས་ཀྱི་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཞབས་ཞུའི་ཆུ་ཚད་རྗེས་ལུས་དང་ཤེས་ལྡན་མི་སྣ་དཀོན་པ་སོགས་ཀྱི་ཞན་ཆ་གསབ་རྒྱུ་རེད།
     “ནུབ་བྱང་ས་མཐོའི་ཟོག་འགྲེམས་ཐོན་ལས་མནའ་འབྲེལ”ཕུད། ས་མཐོའི་ཟོག་འགྲེམས་ཀྱི་ཞན་ཆ་གསབ་པའི་བྱེད་ཐབས་གཞན་ཞིག་ནི་ནུབ་བྱང་ས་མཐོའི་ཟོག་འགྲེམས་དང་བསྡུ་འགྲེམས་ལྟེ་གནས་བསྐྲུན་རྒྱུ་དེ་རེད། རྔ་པ་ཀྲོའུ་ཡི་ཁྲོན་མཚོ་ཀན་གྱི་ས་མཐོའི་ཟོག་འགྲེམས་གླིང་ཀྲུང་དབྱང་ཚོང་དོན་ཐོག་བརྩེགས་ཁང་ཆེན་བསྐྲུན་པ་དེས་ཟོག་འགྲེམས་གླིང་གི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པ་མཚོན་ཡོད། གླིང་གི་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པའི་མཛད་སྒོ་ཡང་དེ་ཉིན་འཚོགས་པ་དང་། རྣམ་གྲངས་18ལ་འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར་9.55གཏོང་རྒྱུ་དང་། བསྐྲུན་རྗེས་ཐོན་ལས་གླིང་དེ་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ་བཅས་ཞིང་ཆེན་གསུམ་ལ་ཁྱབ་འགྱེད་ཐུབ་སྟེ་ནུབ་བྱང་ས་མཐོའི་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་དང་། སྐྱེལ་འདྲེན། མཛོད་ཉར། ཕྱིར་ཚོང་བཅས་བསྡུ་སྒྲིལ་ཐུབ་རྒྱུ་རེད།