མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ལྷོ་རྒྱུད་དམག་འཐབ་ཁུལ་དུ་གཟིགས་ཞིབ་གནང་སྐབས་དམག་འཐབ་ཁུལ་གྱི་བཀོད་འདོམས་
ནུས་པ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཕྲག་སྟེང་དུ་ཁུར་བའི་འགན་འཁྲི་དང་ལས་
འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་28ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ལྷོ་རྒྱུད་དམག་འཐབ་ཁུལ་དུ་གཟིགས་ཞིབ་གནང་སྐབས་དམག་འཐབ་ཁུལ་གྱི་བཀོད་འདོམས་
ནུས་པ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཕྲག་སྟེང་དུ་ཁུར་བའི་འགན་འཁྲི་དང་ལས་
འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ།

         ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ལྷོ་རྒྱུད་དམག་འཐབ་ཁུལ་དུ་ཕེབས་ནས་བརྟག་ཞིབ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ལྷོ་རྒྱུད་དམག་འཐབ་ཁུལ་གྱི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། དམག་འཐབ་ལ་ཞིབ་འཇུག་དང་དམག་འཐབ་ལ་བཀོད་འདོམས་བྱེད་པའི་ལས་དོན་ཁག་ལ་དམ་པོར་དམིགས་ཏེ་འགྱུར་མེད་སྟོབས་ལྡན་དང་ནུས་པ་ཆེ་བའི་དམག་འཐབ་ཁུལ་གྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་སྒྲིག་གཞི་མགྱོགས་མྱུར་བསྐྲུན་ནས་རྒྱལ་ཁ་ལེན་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཟླ་10པའི་ཝུའུ་ལིང་ལྷོ་རྒྱུད་ཀྱི་ས་གཞི་ཆེ་མོར་སྔོ་ཐིང་ཐིང་དུ་རྒྱས་པའི་ལྗོན་ཤིང་ལས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར། ཆུ་ཚོད་9དང་སྐར་མ་15ཙམ་དུ་ཞི་ཅིན་ཕིང་ལྷོ་རྒྱུད་དམག་འཐབ་ཁུལ་གྱི་བཀོད་འདོམས་སུའོ་ཞིག་ཏུ་ཕེབས་ནས་དམག་འཐབ་ཁུལ་གྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་མ་ལག་གྲུབ་ཚུལ་དང་འཁོར་རྒྱུག་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་རེད། བཀོད་འདོམས་ཚོམས་ཆེན་ནང་ལས་རེས་མི་སྣས་བྲེལ་བརྩོན་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་ཆ་འཕྲིན་ཁག་ལེགས་སྒྲིག་བྱེད་པ་དང་ཞི་ཅིན་ཕིང་གིས་སྐབས་རེ་ཕེབས་མཚམས་བཞག་ནས་ཞིབ་ཕྲ་གཟིགས་བཞིན་དུ་འབྲེལ་ཡོད་གནས་ཚུལ་འདྲི་རྩད་གནང་བ་དང་སྦྲགས་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ཞི་ཅིན་ཕིང་གིས་དམག་འཐབ་ཁུལ་གྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ནུས་པ་འཛུགས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་ཁོང་ཚོར་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ལག་ལེན་འཚོལ་ཞིབ་རྒྱུན་མཐུད་ངང་གཏིང་ཟབ་བྱེད་པ་དང་བཀོད་འདོམས་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་དགོས་ཞེས་སྐུལ་ལྕག་གནང་བ་རེད།
         ལོ་དེ་དག་རིང་ལྷོ་རྒྱུད་དམག་འཐབ་ཁུལ་གྱིས་ཕྲག་སྟེང་དུ་ཁུར་བའི་དམག་དོན་ལས་འགན་ལྗིད་རྫོབ་ཆེ་ཞིང་། ཞི་ཅིན་ཕིང་གིས་ལས་འགན་ཁུར་མཁན་དཔུང་སྡེར་ཐུགས་རེ་ཟབ་མོ་གནང་བ་དང་། ཁོང་གིས་ཆེད་མངགས་མཐའ་སྲུང་དང་མཚོ་སྲུང་འཐབ་ཕྱོགས་དང་པོའི་བཀོད་འདོམས་པ་དང་བརྙན་ལམ་བརྒྱུད་བཀའ་མོལ་གནང་བ་དང་། ལས་འགན་འཁུར་མཁན་དཔུང་སྡེས་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ནུས་ལྡན་སྤེལ་བ་དང་རྒྱ་ཆེའི་དཔོན་དམག་གི་སྙིང་སྟོབས་རབ་ཏུ་འཕེལ་བ་མཁྱེན་རྟོགས་བྱུང་རྗེས་ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོ་གནང་བ་རེད། ཁོང་གིས་ལས་འགན་འཁུར་མཁན་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དུས་བབ་འགྱུར་ལྡོག་ལ་དོ་ཁུར་དམ་ཟབ་བྱེད་པ་དང་དབྱེ་ཞིབ་དང་། བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ། དམག་དཔུང་དང་ས་གནས་མཉམ་ལས་ཡག་པོ་བྱེད་པ། མཐའ་མཚམས་དོ་དམ་དང་ཚོད་འཛིན་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པ་བཅས་བྱས་ཏེ་མཐའ་མཚམས་བརྟན་ལྷིང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
        བཀོད་འདོམས་སུའོ་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་ལྷོ་རྒྱུད་དམག་འཐབ་ཁུལ་གྱི་ལས་ཁུངས་སུ་ཕེབས་ནས་ཀོང་ཏུང་དུ་བཅའ་སྡོད་དཔུང་སྡེའི་ཧྲི་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
         དེ་རྗེས་ཞི་ཅིན་ཕིང་གིས་ལྷོ་རྒྱུད་དམག་འཐབ་ཁུལ་གྱི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་འགན་འཁྲི་ཁུར་སེམས་ཆེ་རུ་བཏང་ནས་ཞི་བདེའི་རིམ་ཆགས་སྐྱོན་ཆ་མཐའ་གཅིག་ཏུ་བསལ་ཏེ་བློ་རྩེ་གཅིག་སྒྲིམ་ངང་དམག་གྲབས་དམག་རྒྱག་གི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་། རྙོག་འཛིང་ཆེ་བའི་གནས་ཚུལ་སྣ་ཚོགས་ལ་བསམ་གཞིག་གང་ལེགས་བྱས་ཏེ་རིགས་ཁག་གི་ཁ་གཏད་གཅོག་པའི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཆེན་པོ་བྱས་ཏེ་བཀོད་འདོམས་སྦྱོང་བརྡར་དང་མཉམ་འབྲེལ་སྦྱོང་བརྡར་ལ་ཤུགས་སྣོན་དང་ཞིབ་དཔྱད་རང་བཞིན་དང་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་དམག་སྦྱོང་དང་དམག་གྲབས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དམག་འཐབ་ཁུལ་ཏང་ཨུད་ཀྱིས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་དམག་ནན་པོས་སྐྱོང་བའི་བླང་བྱ་ལག་བསྟར་བྱས་ཏེ་ལས་འགན་འཁུར་བའི་དཔུང་སྡེའི་རྒྱུན་གཏན་གྱི་དམག་གྲབས་དང་དམག་དོན་བྱ་སྤྱོད་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱ་རྒྱུའི་འགན་ལེན་བྱེད་དགོས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པར་བརྟེན་ནས་དཔོན་དམག་གི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཐོག་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ནང་ཞུགས་པའི་ཆབ་སྲིད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་དགོས་པ། སྒྲིག་སྲོལ་གསར་པ་དང་འགན་ནུས་གསར་པ་དང་འཚམ་པར་བྱས་ནས་དམག་འཐབ་ཁུལ་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཀྱི་དམག་གྲབས་དམག་རྒྱག་དང་བཀོད་འདོམས་ལེགས་སྒྲུབ་ལས་འགན་གྱི་ནུས་པ་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

  
style="display:none;"