འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་26ཉིན།

༄༅།།ཀྲུང་བལ་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་26ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཀྲུང་བལ་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་25ཉིན། ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་གྱི་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅུ་དྲུག་པ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ་ཡོད་ཅིང་། ཀྲུང་གོ་དང་བལ་ཡུལ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་སྤེལ་རེས་བྱེད་པའི་སྒོ་འབྱེད་མཉམ་ལས་ལས་སྟེགས་གལ་ཆེན་ཡིན་པའི་ཆ་ནས། 1985 ལོ་ནས་ད་ལྟའི་བར་གྱི་ལོ་30ལྷག་ཙམ་རིང་། ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ལོ་གཉིས་རེའི་ནང་བོད་ལྗོངས་དང་བལ་ཡུལ་གཉིས་སུ་རེས་མོས་ཀྱིས་ཐེངས་གཅིག་ལ་སྤེལ་གྱི་ཡོད་ལ། ད་ལྟའི་བར་དུ་བདེ་བླག་ངང་སྐབས་བཅོ་ལྔ་སྤེལ་ཡོད། དེས་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་མ་ཟད། ཀྲུང་གོ་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ཡོད།
         ཐེངས་འདིའི་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག“མཉམ་དུ་ལག་གདང་སྦྲེལ། མཉམ་ལས་གཉིས་ཕན་བྱེད”ཅེས་པ་བརྗོད་དོན་དུ་བཟུང་ཞིང་། འགྲེམས་སྟོན་དང་འགྲེམས་ཚོང་བྱེད་པའི་རྨང་གཞིའི་ཐོག  གཞུང་ཕྱོགས་ཀྱི་བཞུགས་མོལ་དང་། ངོ་འཕྲད་གྲོས་མོལ་གྱིས་མིང་རྟགས་འགོད་པ་སོགས་ཀྱི་བྱེད་སྒོའང་སྤེལ་ཡོད། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་བལ་ཡུལ་རྒྱལ་ཁབ་གཉིས་པོའི་སྒོ་འབྱེད་མཉམ་ལས་དང་། དཔལ་འབྱོར་ཉོ་ཚོང་སྤེལ་རེས། དྲིལ་སྒྲོག་འོས་སྦྱོར་བཅས་ལ་སྐུལ་འདེད་ཡོང་བའི་ལས་སྟེགས་གལ་ཆེན་ཞིག་བྱེད་ཐུབ་པ་དང་། རྒྱལ་ཁབ་གཉིས་པོ་ཕྱོགས་ཡོངས་ནས་སྒོ་འབྱེད་མཉམ་ལས་ཀྱི་ཁྱབ་ཁོངས་ཡངས་པོ་དང་གཏིང་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ།  དུས་མཚུངས་སུ་ཀྲུང་བལ་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་། བག་ཆགས་འཇོག་ནུས། ཁྱབ་འགྱེད་ཀྱི་ནུས་པ། འགུག་འདྲེན་ནུས་ཤུགས་སྔར་བས་ཆེ་རུ་བཏང་ཡོད།
        ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་གྱི་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅུ་དྲུག་པས་ཀྲུང་གོ་དང་བལ་ཡུལ་གྱི་ཚོང་མགྲོན་མང་པོ་འགྲེམས་ཚོགས་ནང་ཞུགས་པར་བཀུག་ཡོད་པ་མ་ཟད། ད་དུང་གྲོང་མི་མང་པོ་ཚོང་རྫས་ཉོ་བར་བཀུག་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ནང་ཞུགས་ཁེ་ལས་ཁྱོན་156དང་མི་319(དེའི་ནང་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་101དང་མི་202དང་། བལ་ཡུལ་ཕྱོགས་ཀྱི་ཚོང་དོན་འགྲེམས་ཚོང་ཚོགས་པ་ཁེ་ལས་55དང་མི117)ཡོད། བལ་ཡུལ་སྲིད་གཞུང་གི་དཔལ་འབྱོར་ཉོ་ཚོང་སྐུ་ཚབ་ཚོགས་པའི་མི་9ཚོགས་འདུར་གདན་འདྲེན་ཞུས་ཡོད། བལ་ཡུལ་ཕྱོགས་ཀྱི་འགྲེམས་རྫས་གཙོ་བོ་ལ་བལ་ཡུལ་གྱི་ལག་འཐག་ས་གདན(ཁ་གདན)དང་། བཟོ་རྩལ་གྱི་ཐོན་རྫས། ཐང་ག  སྐུ་བརྙན། ཤིང་གི་ཐོན་རྫས། ཆོས་ལུགས་མཁོ་ཆས་སོགས་ཡོད། ཀྲུང་གོ་ཕྱོགས་སུ་གཙོ་བོ་བོད་གྲུམ་དང་། བོད་ལུགས་དཀར་ཡོལ། བོད་ཇ།  སྤོས། དངུལ་ཆས། རྒྱན་ཆ། གྱོན་ཆས། ནས་ཀྱི་ཐོན་རྫས། ནོར་གྱི་ཁུ་ལུའི་ཐོན་རྫས། རིག་གནས་གསར་གཏོད་ཀྱི་ཐོན་རྫས། ལག་བཟོས་སྐུ་བརྙན་སོགས་ཡོད།
        ཤེས་རྟོགས་བྱས་པར་གཞིགས་ན། ཐེངས་འདིའི་ཐོན་རྫས་འགྲེམས་འཚོང་བྱེད་སྒོ་དེ་ཟླ་10ཚེས་25ཉིན་ནས་ཚེས་29ཉིན་བར་དུས་ཡུན་ཉིན་ལྔ་ལ་སྤེལ་རྒྱུ་རེད།
༄༅།།ཀྲུང་བལ་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྤེལ་བ།