འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་23ཉིན།

༄༅།།ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཚོགས་ཆུང་ཚང་མ་བཅའ་སྡོད་བྱས་ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་23ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་17ཉིན་འགོ་ཚུགས་པའི་རང་རྒྱལ་གྱི་རྒྱལ་ཁབ་དབུལ་སྐྱོར་ཉིན་མོ་ཨང་5པ་ནས་ཟླ་10ཚེས་20ཉིན་གྱི་ཕྱི་དྲོ་བར། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་གཟིགས་ཏེ། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་15ཚང་མ་ས་གནས་དང་ཚན་པ་26ཏུ་བཅའ་སྡོད་བྱས་ཟིན་ནས་ཏང་གི་ལོ་རྒྱུས་ཐོག་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཁག་དང་པོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།
         ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་གཟིགས་ཚོགས་ཆུང་གིས་ནང་སོག་དང་། ཅི་ལིན། ཨན་ཧུའེ། ཅང་ཤིས། ཧུའུ་པེ། ཀོང་ཤིས། ཁྲུང་ཆིང་། ཡུན་ནན། བོད་ལྗོངས། ཧྲའན་ཤིས། ཀན་སུའུ། མཚོ་སྔོན། ཤིན་ཅང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། དམངས་སྲིད་པུའུ། ནོར་སྲིད་པུའུ། མི་སྤྱི་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་། ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་སོགས་ས་གནས་དང་ཚན་པ་26གི་ཏང་རྩ་འཛུགས་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་བྱས་པ་རེད།
        ཚེས་17ཉིན་གྱི་སྔ་དྲོ་ནས་ཚེས་20ཉིན་གྱི་ཕྱི་དྲོ་བར། སྐོར་གཟིགས་བྱ་ཡུལ་གྱི་ས་གནས་དང་ཚན་པས་སྐོར་གཟིགས་བཅའ་སྡོད་ཀྱི་སྐུལ་སློང་ཚོགས་ཆེན་རིམ་བཞིན་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོར་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད། ཚོགས་འདུའི་ཐོག ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་གིས་སྤེལ་ཉེར་ཡོད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ལས་དོན་ལ་བླང་བྱ་བཏོན་པ་དང་སྐོར་གཟིགས་བྱ་ཡུལ་གྱི་ས་གནས་དང་ཚན་པའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་ལ་རྣམ་འགྱུར་མཚོན་པའི་གསུང་བཤད་གནང་བ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ནི་སྐོར་གཟིགས་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ལས་འགན་དོན་འཁྱོལ་ལ་ལྟ་སྐུལ་དང་སྐུལ་འདེད་བཏང་ནས“འགན་འཁྲིར”དམ་འཛིན་དང“འགག་རྩ་དང་ཉུང་ཤས”ལ་གཞིགས་ཏེ་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་ཕྱོགས་དང་སྲིད་ཇུས་དོན་འཁྱོལ་དང་། ཏང་ཨུད(ཏང་ཙུའུ)ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ། སྒྲིག་ཨུད་ལྟ་བཤེར་ཨུ་ལྷན(སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་)གྱི་ལྟ་སྐུལ་འགན་འཁྲི་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་ལྟ་སྡོམ་འགན་འཁྲི་དོན་འཁྱོལ། དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ནང་རིགས་ཁག་གི་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ལྷག་པའི་གནད་དོན་གྱི་དག་ཐེར་ལས་འགན་དོན་འཁྱོལ་སོགས“དོན་འཁྱོལ་བཞིར”དམ་པོར་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དེ་ཡིན། གཙོ་བོ“བརྒྱད་ལ་བལྟ་བ”སྟེ། ཏང་ཨུད(ཏང་ཙུའུ)ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་ལྟ་བ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་ལག་བསྟར་གནས་ཚུལ་ལ་ལྟ་བ། ཀྲུང་དབྱང་ཚན་པས་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་ལག་བསྟར་གནས་ཚུལ་ལ་ལྟ་བ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་གནས་ཚུལ་ལ་ལྟ་བ། རིགས་ཁག་གི་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་དབུལ་སྒྲོལ་འགག་སྒྲོལ་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་དག་ཐེར་དོན་འཁྱོལ་གནས་ཚུལ་ལ་ལྟ་བ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་བྱེད་པའི་དཔུང་ཁག་གི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་བ། ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གནས་ཚུལ་ལ་ལྟ་བ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་སྤེལ་ཚུལ་ལ་ལྟ་བ་བཅས་ལ་གཙོ་གནད་ཐོག་དམིགས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་15ཡིས་སྐོར་གཟིགས་བྱ་ཡུལ་གྱི་ས་གནས་དང་ཚན་པ་26ལ་ཟླ་བ་གཅིག་ལྷག་གི་ལས་དོན་བསྒྲུབ་རྒྱུ་ཡིན་ཞིང་། སྐོར་གཟིགས་བྱེད་རིང་ཆེད་མངགས་སྡོད་བྱའི་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་གཙོ་བོ་སྐོར་གཟིགས་བྱ་ཡུལ་གྱི་ས་གནས་དང་ཚན་པར་གཞན་གྱིས་བསམ་འཆར་བཏོན་པའི་དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་གནད་དོན་དང་ཁུངས་སྣེར་བདག་སྤྲོད་བྱ་རྒྱུ་རེད།