འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་22ཉིན།

༄༅།།མཚོ་སྔོན་ཐུན་རིན་རྫོང་གིས་རེབ་གོང་སྒྱུ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལེའུ་གསར་པ་བརྩམས། 

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་མེས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་22ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཐུན་རིན་རྫོང་རོང་བོ་གྲོང་རྡལ་སེང་གེ་གཤོང་གྲོང་ཚོར། གནའ་ཉམས་དོད་ཅིང་བོད་བཟོའི་ཁྱད་ཆོས་མངོན་གསལ་དོད་པའི་སྐྲུན་དངོས་ཤིག་ཡོད་ཅིང་། དེ་ནི་མཚོ་སྔོན་ཞིང་ཆེན་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་སྟེ་རེབ་གོང་སྒྱུ་རྩལ་གླིང་ཡིན། དེའི“སྦྱིན་བདག”རི་མོ་མཁས་ཅན་སྙིང་འབུམ་རྒྱལ་གྱིས་སློབ་མ་ཚོར་ཐང་ག་འབྲི་སྟངས་སློབ་བཞིན་མཆིས།
            “ང་ཚོ་སྒྱུ་རྩལ་གླིང་དུ་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་། ཀྲུང་གོའི་བཟོ་བཀོད་མཛེས་རྩལ་མཁས་ཅན། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ། མི་རབས་གསར་པའི་རི་མོ་མཁས་ཅན་སོགས་མི་180ལྷག་ཙམ་ཡོད”ཅེས་སྙིང་འབུམ་རྒྱལ་གྱིས་ངོ་སྤྲོད་བྱས།
            ཐུན་རིན་རྫོང་གིས་རེབ་གོང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་རྨང་གཞིར་བྱས་ནས་ཁྱད་ལྡན་ཐབས་ལམ་བཏོད་པ་དང་། མིག་སྔར། རིག་གནས་གཉེར་སྐྱོང་བྱེད་པོ་258ཟིན་ནས་རིག་གནས་ཐོན་ལས་ནང་ཞུགས་མཁན་མི་ཁྲི་2ལྷག་ཟིན་པ་དང་། 2017ལོར་རིག་གནས་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་6.25ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་20%འཕར་ནས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།
          ངོ་མཚར་ཆེ་བའི་རེབ་གོང་སྒྱུ་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ།
         སྤྱིར་བཏང་རེབ་གོང་སྒྱུ་རྩལ་པ་ཞིག་གིས་རང་གཅིག་པུས་བརྩམས་ཆོས་ཤིག་ལེགས་སྒྲུབ་བྱེད་དགོས་ན་ཉུང་མཐར་ཡང་ལོ་བདུན་བརྒྱད་ཡན་དཀའ་སྤྱད་འབད་བརྩོན་བྱེད་དགོས། རེབ་གོང་བས་རེབ་གོང་སྒྱུ་རྩལ་བརྒྱུད་སྤེལ་བྱེད་པར་སྲོལ་རྒྱུན་བཟང་པོ་ཞིག་ཡོད་པ་སྟེ། རེབ་གོང་སྒྱུ་རྩལ་པ་ཚང་མས་སོ་སོའི་ལག་རྩལ་དེ་བུམ་པ་གང་བྱོའི་ཚུལ་དུ་རང་གི་སློབ་མ་ཚོར་ཁྲིད་ཀྱི་ཡོད་པ་རེད།
         རེབ་གོང་སྒྱུ་རྩལ་གླིང་བཙུགས་པ་ནས་བཟུང་ལོ་ལྟར་ཡུན་རིང་དང་དུས་ཐུང་གི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལོ་ན་གཞོན་པའི་རེབ་གོང་སྒྱུ་རྩལ་པ་གསོ་སྦྱོང་བྱེད་ཀྱི་ཡོད་པ་དང་། ན་ནིང་གི་ལོ་མཇུག་བར། རིམ་རྩིས་བྱས་ན་མི་1500གསོ་སྦྱོང་བྱས་པའི་ནང་སྒྱུ་རྩལ་པ་620རེབ་གོང་ཐང་གའི་སྒྱུ་རྩལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་གཏོང་མཁན་བཅས་ཀྱི་ཕུལ་བྱུང་ཤེས་ལྡན་པར་གསོ་སྐྱོང་བྱས་ཡོད་པ་རེད།
          ཐུན་རིན་རྫོང་གཉན་ཐོག་ཤང་སྐ་སར་གྲོང་ཚོའི་བྱམས་པ་སྐྱབས་ནི་རེབ་གོང་རྡོ་བརྐོས་ལག་རྩལ་སྲུང་སྐྱོང་རྒྱུན་འཛིན་པ་ཞིག་ཡིན། ཁོང་གི་བྱང་ཆུབ་པའི་རྡོ་བརྐོས་ལག་རྩལ་ནི་རང་གི་མེས་པོའི་ས་ནས་སྦྱངས་པ་ཞིག་རེད། ཁོང་གི་ངོས་ནས་བརྗོད་ན་རྡོ་བརྐོས་རྒྱག་པ་དང་དགེ་ཕྲུག་ཁྲིད་ནས་ལག་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུ་ནི་རྒྱུན་གཏན་གྱི་བྱ་བ་ཞིག་རེད།
         བྱམས་པ་སྐྱབས་ཀྱི་རྡོ་བརྐོས་ཁང་དུ། གསར་འགོད་པས་སློབ་མ་ལྷ་མོ་མཚོས་གསོན་ཉམས་དོད་པའི་རྡོ་བརྐོས་རྒྱག་བཞིན་པ་མཐོང་བྱུང་།
          ལྷ་མོ་མཚོས“མི་མང་པོ་ཞིག་གིས་རྡོ་བརྐོས་ལག་རྩལ་སྦྱོང་རྒྱུ་དེ་དཀའ་ལས་ཆེ་བས་བུ་མོས་སྦྱངས་ཚེ་འཚམ་པོ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་མོད། འོན་ཀྱང་ང་རང་རྡོ་བརྐོས་སྒྱུ་རྩལ་ལ་ཧ་ཅང་དགའ་པོ་ཡོད། རྒན་བྱམས་པ་སྐྱབས་ལགས་ཀྱིས་ཡག་པོ་ཁྲིད་ཀྱི་འདུག འདི་གར་རེབ་གོང་སྒྱུ་རྩལ་དེ‘ནང་མི་ལས་ཕྱི་མིར་མི་སྤེལ་བ་དང་། སེར་མོ་བ་ལས་མི་སྐྱར་མི་སྤེལ་བ། བུ་ལས་བུ་མོར་མི་སྤེལ་བའི’སྲོལ་རྒྱུན་ངན་པ་སྔ་ས་ནས་དོར་ཡོད”ཅེས་བརྗོད་པ་རེད།
         “ལོ་འདི་དག་རིང་ཀྲོའུ་ཡིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་ནས་ཚོང་ལམ་ཡང་རྒྱ་ཆེར་ཕྱིན་ཡོད། ཡུལ་སྐོར་བ་སྔར་བས་མང་པོས་རེབ་གོང་སྒྱུ་རྩལ་ལ་དོ་སྣང་བྱེད་ཀྱི་ཡོད་པས་ང་ཚོ་ལག་རྩལ་པ་ཚོའི་ལག་རྩལ་སླར་ཡང་ངོམ་རྒྱུ་བྱུང་སོང”ཞེས་བྱམས་པ་སྐྱབས་ཀྱིས་བརྗོད།
         རེབ་གོང་སྒྱུ་རྩལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ།
        རི་ཁའི་ལྟོ་རྟེན་རི་ཡིན། ཆུ་ཁའི་ལྟོ་རྟེན་ཆུ་ཡིན་ཞེས་པ་བཞིན། རེབ་གོང་བའི་ལྟོ་རྟེན་ནི་རེབ་གོང་སྒྱུ་རྩལ་ཡིན་ཏེ། ཐུན་རིན་རྫོང་སེང་གེ་གཤོང་གྲོང་ཚོ་ཁོ་ནར། རེབ་གོང་སྒྱུ་རྩལ་གྱི་ལས་ཀ་བྱེད་མཁན་དུད་ཚང་གིས་གྲོང་ཚོ་ཡོངས་ཀྱི་དུད་ཚང་སྡོམ་འབོར་གྱི་98%བཟུང་ཡོད་པ་དང་། མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ལོ་ལྔའི་གོང་གི་སྒོར་5000ལྷག་ནས་མིག་སྔར་སྒོར་ཁྲི་3ལྷག་ཙམ་བར་འཕར་ཡོད་པ་རེད།
          རྨ་ལྷོ་ཀྲོའུ་རེབ་གོང་རིག་གནས་སྣོད་བཅུད་དོ་དམ་ཨུ་ལྷན་སྲུང་སྐྱོང་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་རོན་ཡོན་ཁྲེང་གིས“རྒྱ་བོད་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་རེབ་གོང་ཡུལ་སྐོར་དྲན་རྟེན་ཐོན་རྫས་ཀྱི་ཁྲོམ་ར་རིམ་བཞིན་རྒྱ་ཆེར་འགྲོ་བ་དང་ཚོང་ཟོག་བྲིན་ཚད་ཀྱང་མང་དུ་ཕྱིན་ནས་དེ་སྔའི་དུད་ཚང་དབུལ་པོ་རྣམས་ཐང་གའི་རིག་གནས་ཐོན་ལས་ནང་ཞུགས་རྗེས་དཔལ་འབྱོར་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་བརྗོད་པ་རེད།
           རྨ་ལྷོ་ཀྲོའུ་སྲིད་གཞུང་གིས་དུས་བབ་དང་བསྟུན་ནས་མ་དངུལ་གྱི་ཁ་གསབ་སྤྲོད་པ་དང་གཅིག་གྱུར་ཐོག་ས་ཆ་བགོ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་དམངས་ཁྲོད་སྒྱུ་རྩལ་པས་རྣམ་པ་སྣ་ཚོགས་ཀྱི་ཤེས་བྱ་དང་རྩལ་ནུས་འཛིན་སྤེལ་དང་སློབ་སྦྱོང་གི་འགྲེམས་སྟོན་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་རིམ་པའི་མཚོན་བྱེད་དང་རྒྱུན་འཛིན་མཁན་སྙིང་འབུམ་གྱི་རེབ་གོང་སྒྱུ་རྩལ་གླིང་དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མཁན་ཤ་བོ་སྐྱབས་ཀྱི་རིག་འབྱུང་འཇིམ་རྐོས་སློབ་སྦྱོང་རྒྱུན་འཛིན་ལྟེ་གནས། ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མཁན་བཀྲ་ཤིས་རྒྱ་མཚོའི་ཀླུ་སྒྲུབ་སྒྱུ་རྩལ་གླིང་དོགས་ཀྱིས་མཚོན་བྱེད་དུ་བྱེད་པའི་ཕྱོགས་བསྡུས་རྒྱུན་འཛིན་སློབ་སྦྱོང་གི་འགྲེམས་སྟོན་ལྟེ་གནས་ཁག་གཅིག་མངོན་ཡོད་པ་རེད།
          མིག་སྔར་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་མངོན་མིན་རིག་གནས་ཤུལ་བཞག་གི་ཕྱོགས་བསྡུས་རྒྱུན་འཛིན་དང་སློབ་སྦྱོང་ལྟེ་གནས་28བསྐྲུན་ཟིན་པ་དང་ལོ་ལྟར་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་1500ལྷག་ཙམ་གསོ་སྐྱོང་བྱས་པ་དང་ཀྲོའུ་ཡོངས་ཀྱི་རིག་གནས་ཐོན་ལས་གཉེར་སྐྱོང་དུད་ཚང་320ཟིན་ཡོད། རེབ་གོང་སྒྱུ་རྩལ་ལས་རིགས་པ་2011ལོའི་མི་ཁྲི་1.3ནས་2016ལོའི་མི་ཁྲི་3བར་མང་དུ་ཕྱིན་པ་དང་རེབ་གོང་སྒྱུ་རྩལ་ཐོན་རྫས་ཕྱིར་ཚོང་གི་ཡོང་འབབ་སྒོར་དུང་ཕྱུར་2.4ནས་སྒོར་དུང་ཕྱུར་6.5བར་མང་དུ་ཕྱིན་པ་དང་ལོའི་ཡོང་འབབ་སྒོར་ཁྲི་1000ཡན་ཟིན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁེ་ལས་5ཡོད་པ་རེད།
          སྲུང་སྐྱོང་དང་རྒྱུན་འཛིན་ཁྲོད་རེབ་གོང་སྒྱུ་རྩལ་གྱི“རང་བརྟེན”ནུས་པ་ཆེ་རུ་ཕྱིན་པ།
         དྲ་སྦྲེལ+ཀྱི་རྒྱབ་ལྗོངས་འོག་རྨ་ལྷོ་ཀྲོའུ་ཡིས་དུས་བསྟུན་འཕེལ་རྒྱས་བཏང་ནས“ཀྲུང་གོའི་རེབ་གོང་ཐང་གའི་དྲ་བ”བཏོད་པ་དང་། ཆེས་གསར་ཤོས་ཀྱི་དྲ་སྦྲེལ་ལག་རྩལ་སྤྱད་དེ་དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་རེབ་གོང་གི་བརྩམས་ཆོས་བྲིན་ཚོང་ཁྲོམ་ར་རྒྱ་ཆེར་བཏང་བ་རེད།
         རྨ་ལྷོ་ཀྲོའུ་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཝང་གོ་ཏུང་གིས་ཐོན་སྐྱེད་རང་བཞིན་འབོར་ཆེན་གྱི་སྲུང་སྐྱོང་ལས་རེབ་གོང་སྒྱུ་རྩལ་དེ་ལག་ཤེས་བཟོ་ལས་ཤིག་གི་ཚུལ་དུ་རྒྱུན་འཛིན་ཐུབ་པ་མ་ཟད། ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རེབ་གོང་སྒྱུ་རྩལ་དང་རིག་གནས་ཐོན་ལས་འབྲེལ་མཐུད་ཡག་པོ་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་རྙེད་ཡོད་ཅེས་བརྗོད་པ་རེད།
         “ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང+གསར་གཏོད་རང་བཞིན་གྱི་རྒྱུན་འཛིན”ནི་རྨ་ལྷོ་ཀྲོའུ་ཡིས་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་ལམ་བུའི་ཐོག་བསྐྱོད་པའི་གསར་གཏོད་ཀྱི་རྣམ་པ་ཞིག་རེད། སྲིད་གཞུང་གི་རྒྱབ་སྐྱོར་འོག་རེབ་གོང་སྒྱུ་རྩལ་མཁས་པ་དང་སྒྱུ་རྩལ་པ་ཚོའི་འཛམ་གླིང་ས་ཕྱོགས་ཁག་ཏུ་འགྲེམས་སྟོན་གཉེར་བའི་ཧུར་བརྩོན་རང་བཞིན་ཇེ་ཆེར་ཕྱིན་ཡོད། རེབ་གོང་སྒྱུ་རྩལ་གླིང་སྙིང་འབུམ་ཐང་གའི་བརྩམས་ཆོས་རྒྱལ་ཁབ་ཕྱི་ནང་གི་འགྲེམས་སྟོན་200ལྷག་ཙམ་ནང་ཞུགས་པ་དང་འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་རྩེ་གྲ་བཞི་ལས་གསུམ་དུ་འགྲེམས་སྟོན་བྱས་པ་རེད།
           རོན་ཡོན་ཁྲེང་གིས་རེབ་གོང་ཐང་གར་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས“ཀྲུང་གོའི་ས་གཤིས་ཚད་གཞིའི་སྲུང་སྐྱོང་ཐོན་རྫས”ཀྱི་ཆོག་མཆན་སྤྲད་ཡོད། དེས་རེབ་གོང་སྒྱུ་རྩལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཉམས་འགྱུར་དེ་བས་ཆེ་བའི་གར་སྟེགས་ཐོག་འགྲེམས་སྟོན་བྱེད་ཐུབ་པ་མངོན་ཡོད་ཅེས་བརྗོད་པ་རེད།