འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།རང་རྒྱལ་གྱི་འབྲས་ཤིང་གི་འདེབས་ཁྱོན་དང་ཐོན་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ལི་ཅིན་ཞང་གིས་རྒྱལ་ཡོངས་ཀྱི་ཀུ་ཤུའི་ལྗང་མདོག་འཕེལ་རྒྱས་ལག་རྩལ་མཉམ་འདུས་རྣམ་པ་ཞིབ་འཇུག་དང་དཔེ་སྟོན་གྱི་ས་གནས་ས་ཐོག་གི་འདུ་ཚོགས་ཐོག་རང་རྒྱལ་འབྲས་ཤིང་གི་འདེབས་ཁྱོན་ད་ཆ་མུའུ་དུང་ཕྱུར་1.9དང་ཐོན་འབོར་ཏུན་དུང་ཕྱུར་1.8ཟིན་ཏེ་སོ་སོར་འཛམ་གླིང་གི་24.04%དང་22.24%བཟུང་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། འབྲས་ཤིང་ལས་རིགས་ཀྱི་ཐོན་རྫས་རིན་ཐང་རང་རྒྱལ་གྱི་འདེབས་འཛུགས་ལས་རིགས་ཀྱི་ཨང་གསུམ་པར་སླེབས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་གལ་ཆེན་གྱི་ངོས་ནས་རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
     ལི་ཅིན་ཞང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་། རང་རྒྱལ་གྱི་འབྲས་ཤིང་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། འདེབས་ཁྱོན་དང་། ཐོན་འབོར། ཐོན་རྫས་ཀྱི་རིན་ཐང་བཅས་ལོ་རེ་བཞིན་མགྱོགས་མྱུར་འཕར་ཡོད། 2000ལོ་ནས་བཟུང་། ཤིང་འབྲས་ཀྱིས་ཞིང་ལས་ཐོན་ཟོག་བསྡོམས་འབོར་གྱི་ཐོན་རྫས་རིན་ཐང་ནས་བཟུང་ཚད་3.46%མང་དུ་ཕྱིན་ནས་འཕར་ཚད་སྔོ་ཚལ་དང་འབྲོག་ཟོག་ཐོན་ཟོག་ལས་བརྒལ་ཏེ་ཞིང་ལས་ཟོན་ཐོག་གི་མདུན་གྲལ་དུ་བརྟན་པོའི་ངང་གནས་ཡོད། 2000ལོ་ནས་བཟུང་། རང་རྒྱལ་གྱི་ཤིང་འབྲས་ཕྱིར་གཏོང་བསྡོམས་འབོར་འཕར་ཚད་ལྡབ་3ཙམ་ཟིན་ནས་ཐོན་རྫས་རིན་ཐང་བསྡོམས་འབོར་ལྡབ་4.5མང་དུ་ཕྱིན་ཏེ་ས་ཁུལ་མང་པོ་ཞིག་གི་ཞིང་ལས་ཐོན་ཟོག་ཕྱིར་གཏོང་བྱས་ནས་ཕྱི་དངུལ་གསོག་པའི་གཙོ་ཤུགས་དམག་ཏུ་གྱུར་ཡོད་ཅེས་བརྗོད།
     ལི་ཅིན་ཞང་གིས་འབྲས་ཤིང་གི་ཐོན་ལས་ཟུར་སྣོན་རིན་ཐང་ཆེ་བའི་ཐོན་ལས་ཁོངས་སུ་གཏོགས་ཤིང་། དཔེར་ན། ཀུ་ཤུ་ལྡུམ་ར་མུའུ་རེར་ཡོང་འབབ་སྒོར་ཁྲི་2ནས་3ཡོད་པ་སྤྱིར་བཏང་གི་འབྲུ་རིགས་ལོ་ཏོག་གི་ལྡབ་10ཡན་རེད། འབྲས་ཤིང་ནི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཐུབ་པའི་གདམ་ག་ཡག་པོ་ཞིག་གྱུར་ཡོད་པས། ས་ཁུལ་དབུལ་པོར“གྲོང་ཚོ་རེར་སྣ་ཁ་རེ”ཡོད་པའི་ཐོན་ལས་སྐུལ་སྤེལ་གྱི་བྱ་སྤྱོད་ལག་ལེན་བསྟར་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད།
     ལི་ཅིན་ཞང་གིས་ཤིང་འབྲས་ཀྱི་འཛད་སྤྱོད་བྱེད་ཚད་ནི་མིའི་འཚོ་བའི་སྤུས་ཚད་ལ་གདེང་འཇོག་བྱེད་པའི་སྟོན་གྲངས་གལ་ཆེན་ཞིག་རེད། 《ཀྲུང་གོའི་གྲོང་མིའི་ཟས་སྤྱོད་ཕྱོགས་སྟོན་(2016)》ནང་། མི་རེས་ཉིན་རེར་ཆ་སྙོམས་ཤིང་འབྲས་སོས་པ་ཁེ་200ནས་350བར་ཟ་དགོས་པའི་འོས་སྦྱོར་བྱས་ཡོད། ཡིན་ནའང་རང་རྒྱལ་དུ་ད་བར་མི་རེས་ཆ་སྙོམས་ཤིང་འབྲས་ཁེ་54ནས་150ལས་ཟ་ཡི་མེད་པས། འཕེལ་རྒྱས་གཏོང་གཞི་ཆེན་པོ་ལྡན་ཡོད། འབྲས་ཤིང་གི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཤིང་འབྲས་སྤུས་རྟགས་མཁོ་སྤྲོད་བྱ་རྒྱུ་ནི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྐོང་བའི་དགོས་ངེས་ཀྱི་གདམ་ག་ཞིག་རེད་ཅེས་ནན་བཤད་བྱས།