འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།ཕ་ཁི་སི་ཐན་གྱི་ཙུང་ཐུང་གིས་སྲིད་གཞུང་གསར་པས་ཕ་ཀྲུང་འབྲེལ་བ་དེ་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་གཞིར་
བརྩི་གི་ཡོད་ཅེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དབྱི་སི་ལམ་པོ་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ལི་ཧྥུའུ·ཨར་ཝེ་ཡིས་སྲིད་གཞུང་གསར་པས་ཕ་ཀྲུང་གི་འབྲེལ་བ་དེ་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཉིན་དེར་ཨར་ཝེས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ལས་ཤག་ཏུ་མཇལ་བཅར་དུ་ཕེབས་པའི་ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡའོ་ཅིང་དང་མཇལ་འཛོམས་གནང་བ་རེད། ཨར་ཝེས་ཕ་ཀྲུང་གི་འབྲེལ་བ་ཟབ་ལ་མཛའ་གྲོགས་ལྡན་པ་ཞིག་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་དང་། སྤྱི་ཚོགས་ཀྱི་དམངས་འཚོ། དམངས་ཁྲོད་ཀྱི་འགྲོ་འོང་སོགས་ཁྱབ་ཁོངས་ཁག་ཐད་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྨང་གཞི་སྔར་བས་བརྟན་དུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
     ཁོང་གིས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་བདག་དབང་དང་འཕེལ་རྒྱས་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ས་ཁུལ་འདི་གའི་ཞི་བདེ་དང་བརྟན་ལྷིང་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱ་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཡའོ་ཅིང་གིས་ཀྲུང་ཕ་ནི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཕའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་དེ་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ཚུད་ཁ་ཕྱོགས་ལ་བརྩི་གི་ཡོད། ཕ་ཁི་སི་ཐན་གྱི་སྲིད་གཞུང་གསར་པ་བཙུགས་རྗེས་ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ཙུང་ཐུང་ཨར་ཝེ་དང་ཕ་ཁི་སི་ཐན་གྱི་སྲིད་གཞུང་གསར་པའི་འགོ་ཁྲིད་འོག་ཕ་ཁི་སི་ཐན་གྱི་རྒྱལ་ཁབ་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     འདི་ལོའི་ཟླ་9ཚེས་4ཉིན་ཕ་ཁི་སི་ཐན་དུ་ཙུང་ཐུང་གི་འདེམས་བསྐོ་བྱས་པ་དང་། སྲིད་འཛིན་ཏང་དྲང་བདེན་ལས་འགུལ་ཏང་གི་གདམ་བྱའི་འོས་མི་ཞིག་ཡིན་པའི་ཨར་ཝེར་ལེགས་ཆ་ཆེན་པོར་བརྟེན་ནས་འདེམས་བསྐོའི་ནང་རྒྱལ་ཁ་ཐོབ་ཡོད། ཟླ་9ཚེས་9ཉིན་ཨར་ཝེས་ཕ་ཁི་སི་ཐན་གྱི་སྐབས་གསར་པའི་ཙུང་ཐུང་གི་འགན་འཁུར་རྒྱུའི་དམ་བཅའ་བཞག་པ་རེད།