འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།མི་སྤྱི་པུས་རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་ལག་བསྟར་ཇུས་གཞི་བཏོན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། མི་སྤྱི་པུས《རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་ལག་བསྟར་ཇུས་གཞི(2018——2020ལོ་བར)》(གཤམ་ལ《ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ་ལག་རྩལ་བཟོ་པའི་ཐོབ་ཐང་མཐོ་རུ་བཏང་ནས་རྩལ་ནུས་མཐོ་བའི་ཤེས་ལྡན་པའི་གཟེངས་བསྟོད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ལས་རིགས་རྩལ་ནུས་འགྲན་བསྡུར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལོ་ལྟར་ཀྲུང་གོའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་རྒྱལ་ཁབ་རིམ་པའི་རིགས་དང་པོའི་འགྲན་བསྡུར་ཆེ་མོ་ཁག་10ཙམ་དང་། རྒྱལ་ཁབ་རིམ་པའི་རིགས་གཉིས་པའི་འགྲན་བསྡུར་ཁག་50ཙམ་སྒྲིག་འཛུགས་བྱེད་པ། རྩལ་ནུས་དབུལ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་2020ལོར་སླེབས་སྐབས་ཁྱིམ་ཚང་དབུལ་པོའི་སློབ་མ་ཁྲི་12ཡན་བསྡུ་རྒྱུ་ཡིན་པ་བཅས་བཏོན་ཡོད་པ་རེད།
          ཞིབ་ཕྲའི་ལག་བསྟར་ཐད། 《ཇུས་གཞིའི》ནང་ལས་འགན་ཆེན་པོ་དྲུག་བཏོན་པ་སྟེ། གཅིག་ནས་རྩལ་ནུས་ཤེས་ལྡན་པའི་སྐུལ་འདེད་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལག་རྩལ་བཟོ་པའི་ཐོབ་ཐང་མཐོ་རུ་གཏོང་བ་དང་། རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། རྩལ་ནུས་མཐོ་བའི་ཤེས་ལྡན་པའི་གཟེངས་བསྟོད་ལས་དོན་ལ་ཤུགས་སྣོན་བཅས་བྱས་ཏེ་རྩལ་ནུས་མཐོ་བའི་སྣེ་ཁྲིད་ཤེས་ལྡན་པའི་ངལ་གསོ་ལུས་གསོ་དང་ཞིབ་འཇུག་ཟབ་སྦྱོང་སོགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་དང་། གཉིས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་གཞི་ཁྱོན་ཆེན་པོའི་སྒོ་ནས་སྤེལ་རྒྱུ་ཡིན་ཞིང་། ཚེ་གང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ཁྱབ་གདལ་བཏང་སྟེ་ཁེ་ལས་ཀྱི་དགེ་ཕྲུག་ལམ་ལུགས་གསར་པ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། མཐོ་སློབ་སློབ་ཐོན་སློབ་མ་དང་། ལོ་རབས་གསར་པའི་ཞིང་པ་ལས་མི། ལས་ཤོར་མི་སྣ། ལས་སྒྱུར་བཟོ་པ་སོགས་གཙོ་གནད་གསོ་སྦྱོང་གི་བྱ་སྤྱོད་འཆར་གཞི་མུ་མཐུད་སྤེལ་བ། ལས་རིགས་གསོ་སྦྱོང་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ་གཙོ་གནད་གསོ་སྦྱོང་རྣམ་གྲངས་ལག་བསྟར་བྱ་རྒྱུ། གསུམ་ནས་ལག་རྩལ་བཟོ་པའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་ཞིང་། ལག་རྩལ་བཟོ་པའི་སློབ་གསོ་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭ་ཡག་ཤོས་འཛུགས་སྐྲུན་ལ་ཤུགས་སྣོན། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཟབ་ཏུ་གཏོང་བ། གཞི་གཅིག་ཅན་གྱི་སློབ་ཚན་སློབ་ཁྲིད་སྒྱུར་བཅོས་ཕྱོགས་ཡོངས་ནས་སྤེལ་བ། ཆེད་ལས་འཛུགས་སྐྱོང་དང་སློབ་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བྱས་ཏེ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། བཞི་ནས་རྩལ་ནུས་ཤེས་ལྡན་པའི་གདེང་འཇོག་ལམ་ལུགས་སྒྱུར་བཅོས་་ཟབ་ཏུ་གཏོང་རྒྱུ་ཡིན་ཞིང་། རྩལ་ནུས་ཤེས་ལྡན་པའི་གདེང་འཇོག་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་རིགས་རྩལ་ནུས་རིམ་པའི་ལམ་ལུགས་འཛུགས་པ་དང་། ལས་རིགས་ཚད་ལྡན་དང་ལས་རིགས་གསར་པ་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་སྟེ་རྩལ་ནུས་མཐོ་བའི་ཤེས་ལྡན་པ་དང་བཟོ་སྐྲུན་ལག་རྩལ་ཤེས་ལྡན་པའི་ལས་རིགས་འཕེལ་རྒྱས་སྦྲེལ་མཐུད། སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུར་སྐུལ་འདེད། མི་སྤྱོད་ཚན་པའི་གདེང་འཇོག་གི་བྱེད་པོའི་ནུས་པ་མངོན་གསལ་དོད་པོ་བཅས་བྱས་ཏེ་ཕུང་གསུམ་པའི་གདེང་འཇོག་སྒྲིག་གཞིའི་ནུས་པ་གལ་ཆེན་འདོན་རྒྱུ། ལྔ་ནས་ལས་རིགས་རྩལ་ནུས་འགྲན་བསྡུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ལས་རིགས་རྩལ་ནུས་འགྲན་བསྡུར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་འཛམ་གླིང་རྩལ་ནུས་འགྲན་བསྡུར་ལ་ཞུགས་པ་དང་དེ་བཞིན་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་རྩལ་ནུས་འགྲན་བསྡུར་གསར་གཏོད་བྱས་ཏེ་སྤེལ་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་རྩལ་ནུས་འགྲན་བསྡུར་གཉེར་རྒྱུ། རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་དང་པོའི་གྲ་སྒྲིག་བྱས་ནས་གཉེར་ཏེ“རྩལ་ནུས་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས”གཉེར་རྒྱུ། འཐབ་ཇུས་གལ་ཆེན་དང་། འདུ་འགོད་གལ་ཆེན། རྣམ་གྲངས་གལ་ཆེན། གཙོ་གནད་ཐོན་ལས་བཅས་ལ་དམིགས་ནས་ལོ་ལྟར་ཀྲུང་གོའི་རྩལ་ནུས་འགྲན་བསྡུར་གྱི་རྒྱལ་ཁབ་རིམ་པའི་རིགས་དང་པོའི་འགྲན་བསྡུར་ཁག་10ཙམ་དང་། རྒྱལ་ཁབ་རིམ་པའི་རིགས་གཉིས་པའི་འགྲན་བསྡུར་ཁག་50ཙམ་སྒྲིག་འཛུགས་བྱས་ཏེ་ས་ཁུལ་ཁག་དང་ལས་རིགས་ཁག་གི་ཁེ་ལས་ཀྱིས་རིམ་པ་ཁག་དང་རིགས་ཁག་གི་འགྲན་བསྡུར་བྱེད་སྒོ་ཧུར་ཐག་གཉེར་རྒྱུར་མཛུབ་ཁྲིད་བཅས་བྱ་རྒྱུ། དྲུག་ནས་རྩལ་ནུས་ཀྱི་དབུལ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། རྩལ་ནུས་དབུལ་སྐྱོར་གྱི་སློབ་གྲྭ་ཆིག་སྟོང་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭར་སློབ་སྦྱོང་བྱེད་འདོད་ཡོད་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ཚང་མར་སློབ་ཡོན་མི་དགོས་པར་ལག་རྩལ་བཟོ་པའི་སློབ་གསོ་ཐོབ་པར་བྱས་ཏེ་2020ལོར་སླེབས་སྐབས་ཁྱིམ་ཚང་དབུལ་པོའི་སློབ་མ་ཁྲི་12ཡན་བསྡུ་རྒྱུ་ཡིན་པ་དང་། ས་ཁུལ་དབུལ་པོའི་རྩལ་ནུས་དབུལ་སྐྱོར་བྱ་སྤྱོད་སྤེལ་ནས་གསོ་སྦྱོང་གི་འདུན་པ་ཡོད་པའི་ངལ་རྩོལ་ནུས་ཤུགས་དབུལ་པོ་ཚང་མར་ལས་རིགས་རྩལ་ནུས་གསོ་སྦྱོང་གི་གོ་སྐབས་ཐོབ་པར་བྱས་ཏེ་2020ལོར་སླེབས་སྐབས་ངལ་རྩོལ་ནུས་ཤུགས་དབུལ་པོ་མི་ཐེངས་ཁྲི་300ལ་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད།