འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་18ཉིན།

༄༅།།ཀྲུང་གོ་དང་ཨ་རིའི་རིགས་གཅིག་མཁས་ཅན་གྱིས་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ནི་
གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་18ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཨ་རིའི་གྲོང་ཁྱེར་པོ་ཧྲི་ཏུན་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། ཨ་རིའི་ཧ་ཧྥུའུ་སློབ་ཆེན་ཁེན་ཉི་ཏེ་སྲིད་གཞུང་སློབ་གླིང་དུ་གཉེར་བའི་གླེང་སྟེགས་ཐོག་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནས་ཡོང་བའི་རིགས་གཅིག་མཁས་ཅན་མང་པོ་ཞིག་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་སྐོར་ལ་མཉམ་དུ་གྲོས་བསྡུར་བྱས་ཤིང་། ཁོང་ཚོས་མིག་སྔར་ཀྲུང་གོ་དང་ཨ་རིའི་འབྲེལ་བར་དཀའ་ངལ་ཁག་གཅིག་འཕྲད་ཡོད། ཡིན་ནའང་། འཛམ་གླིང་ཐོག་གི་དཔལ་འབྱོར་སྒྲིག་གཞི་གཙོ་བོ་གཉིས་ཡིན་པའི་ངོས་ནས་རྒྱལ་ཁབ་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱེད་དགོས། དེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཡོད་པ་མ་ཟད། རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་ཡོང་རྒྱུའི་འགན་ལེན་བྱེད་པར་ཡང་གལ་འགངས་ཧ་ཅང་ཆེན་པོ་ལྡན་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།
     “འཇམ་ཤུགས”ཀྱི་ཐ་སྙད་འདོན་མཁན་ཧ་ཧྥུའུ་སློབ་ཆེན་ཁེན་ཉི་ཏེ་སྲིད་གཞུང་སློབ་གླིང་གི་ཡོན་ཀྲང་ཟུར་པ་གཡོད་སེ་ཧྥུའུ·ནའེ་ཡིས་གཏམ་བཤད་སྤེལ་སྐབས། ཀྲུང་གོ་དང་ཨ་རིའི་འབྲེལ་བར་དུས་ཐུང་ནང་དཀའ་ངལ་ཁག་གཅིག་འཕྲད་རྒྱུ་ཡིན་མོད། འོན་ཀྱང་། ཕུགས་ནས་བལྟས་ཚེ་མཉམ་ལས་ནི་འཕེལ་ཕྱོགས་ཆེན་པོ་ཞིག་རེད་ཅེས་བརྗོད་ཅིང་། ཁོང་གིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ཕན་ཚུན་འཇིགས་སྣང་སྐུལ་མི་རུང་ལ། ཕན་ཚུན་དབར་གོ་ནོར་མི་ཐེབས་པ་བྱས་ཏེ། འབྱུང་འགྱུར་ཇི་ལྟར་བྱས་ནས་ལེགས་ཕྱོགས་ཀྱི་འགྲན་རྩོད་རྒྱུན་འཁྱོངས་ཐུབ་རྒྱུའི་ཐད་འཚོལ་ཞིབ་བྱེད་དགོས་པ་དང་དུས་མཚུངས་རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་ཡོང་རྒྱུ་སྲུང་སྐྱོང་བྱེད་དགོས་ཞེས་བརྗོད།
     ཁོང་གིས་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གྲོས་དོན་གལ་ཆེན་ཐད་མཉམ་ལས་བྱེད་པ་དང་། མཉམ་ལས་ཀྱི་རྣམ་འགྱུར་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། “གལ་ཏེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ན་མ་གཏོགས་ང་ཚོ་ཕྱོགས་གང་ཞིག་ལའང་དེའི་ནང་ནས་ཕན་པ་ཐོབ་པའི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་ཡོང་མི་ཐུབ”ཅེས་བརྗོད།
     ཧྥུའུ་ཏན་སློབ་ཆེན་གྱི་ཀྲུང་གོ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲང་ཝུའེ་ཝེ་ཡིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོར་མཉམ་ལས་གཉིས་ཁེ་རྦད་དེ་མངོན་འགྱུར་ཡོང་ཐུབ། སྔོན་འགྲོའི་ཆ་རྐྱེན་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཤེས་རྟོགས་ཀྱི་གོ་འཛོལ་སེལ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱས་ཤིང་། ཁོང་གིས་ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་གྱིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱེད་པ་ར་སྤྲོད་བྱས་ཡོད། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་གཉིས་ཁེར་གོང་བཀུར་བྱས་པ་ལས་རྒྱལ་ཕམ་རྩོད་ཀྱི་མེད། ཀྲུང་གོ་དང་ཨ་རི་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས། ཉིན་ལྟར་མི་ཁྲི་1.4རྒྱལ་ཁབ་གཉིས་པོའི་དབར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། “ང་ཚོར་ཕྱོགས་གཉིས་པོ་ཐུན་མོང་ཐོག་དར་རྒྱས་ཡོང་བའི་གོ་སྐབས་སྣ་ཚོགས་ལྡན་ཡོད་ལ། རྒྱལ་ཁབ་གཉིས་པོའི་ལས་དབང་དམ་པོར་འབྲེལ་ཡོད”ཅེས་བརྗོད།
     ཧ་ཧྥུའུ་སློབ་ཆེན་ཁེན་ཉི་ཏེ་སྲིད་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཨོའུ་ཝུའེ་ལན་གྱིས་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་མིག་རྒྱང་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་བསྐྱར་དུ་ལྟ་ཞིབ་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་ལས་བྱུང་བའི་ཕན་འབྲས་དེ་མི་མཐུན་པའི་ཆའི་སྔོན་ལ་འཇོག་དགོས། དེང་གི་ཚད་མཐོའི་གོ་ལ་ཅན་དང་། ཁོར་ཡུག་སྲུང་སྐྱོང་དང་གསར་གཏོད་ལ་མཐོང་ཆེན་བྱེད་པའི་བཟོ་ལས་དཔལ་འབྱོར་དུས་རབས་རྗེས་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཉིས་ཁེའི་འབྲེལ་བ་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་ངོས་ནས་བརྗོད་ཚེ་གལ་འགངས་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་བརྗོད།
     ཨ་རི་དང་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་དང་ཁུ་ཨེན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལུའོ་པོ་ཐེ·ཁུ་ཨེན་གྱིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཚང་མས་ཕན་ཚུན་འབྲེལ་གཏུག་དང་བསམ་ཤེས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཕན་ཚུན་གྱི་འགལ་ཟླ་དང་གོ་ནོར་སེལ་དགོས་པའི་ངོས་འཛིན་བྱས་ཤིང་། ཁོང་གིས་གལ་ཏེ་ཀྲུང་གོའི་འཕེལ་རྒྱས་འགྲོ་ལམ་ལ་དོགས་གཞི་ཡོད་ཚེ། ཧྲང་ཧའེ་རུ་བལྟ་བར་བསྐྱོད་དང་། གང་ལགས་ཤེ་ན། ཧྲང་ཧའེ་ཡི་གྲུབ་འབྲས་ཐོབ་པའི་འཕེལ་རྒྱས་ནི་ཀྲུང་གོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཚོན་ཚུལ་དང་མ་དཔེ་ཞིག་རེད། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་ལས་བྱུང་བའི་གོ་སྐབས་སྤྱད་དེ་དུས་ཐུང་ལོ་བཅུ་ཕྲག་ནང་ཧྲང་ཧའེ་འདི་ཉིད་དངུལ་རྩ་དང་། ཚོང་དོན། ཟོག་འགྲེམས། རྨང་གཞིའི་སྒྲིག་བཀོད། སློབ་གསོ། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་ནང་འཛམ་གླིང་གི་སྔོན་ཐོན་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་གྱུར་བར་བྱས་ཡོད་ཅེས་བརྗོད།
     ཁུ་ཨེན་གྱིས་མི་རིང་བར་ཧྲང་ཧའེ་རུ་གཉེར་རྒྱུའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོས་འཛམ་གླིང་ལ་ཀྲུང་གོས་མུ་མཐུད་ཁྲོམ་ར་སྒོ་དབྱེ་དང་འཛམ་གླིང་དང་མཉམ་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ཆོད་སེམས་སྔར་བས་མཚོན་པར་བྱ་རྒྱུ་རེད་ཅེས་དམིགས་སུ་བཀར་ནས་བརྗོད་པ་རེད།