འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཧྥང་ཧྥེང་ཧུའེ་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་པ་བཅད། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གིས་མཆོག་མཆན་སྤྲད་པ་བརྒྱུད། ཀྲུང་དབྱང་དམག་ཨུད་ཀྱིས་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཟུར་པ། དམག་ཨུད་མཉམ་འབྲེལ་ཚན་མོའུ་པུའུ་ཡི་ཚན་མོ་ཀྲང་ཟུར་པ་ཧྥང་ཧྥེང་ཧུའེ་ཡི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནོད་དོན་ལ་ཞིབ་བཤེར་བྱས་པ་རེད། 
     ཞིབ་བཤེར་བྱས་པ་བརྒྱུད། ཧྥང་ཧྥེང་ཧུའེ་ནི་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དམག་ཨུད་ཀྱི་གཏན་འབེབས་དོན་ཚན་བཅུའི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས་བཅས་དང་ཚབས་ཆེར་འགལ་ཞིང་། ལྐོག་རྔན་སྤྲོད་ལེན་བྱས་པ་དང་། རྒྱུ་ནོར་འབོར་ཆེན་གྱི་ཡོངས་ཁུངས་མི་གསལ་བའི་ནག་ཉེས་ཀྱི་དོགས་གཞི་ཡོད་ཅིང་། གནས་ཚུལ་ཧ་ཅང་ཚབས་ཆེ་ཞིང་། གྲངས་འབོར་ཧ་ཅང་ཆེ་ལ། དེ་འབྲེལ་གྱི་ཤུགས་རྐྱེན་ཧ་ཅང་ངན་པ་བཞག་ཡོད། 
     ཧྥང་ཧྥེང་ཧུའེ་ཡིས་ཏང་ལ་ལྷག་བསམ་རྣམ་དག་མི་བྱེད་པ་དང་། ངོ་གཉིས་མ་བྱས་ཏེ་ཆབ་སྲིད་དང་རིང་དུ་གྱེས་ཤིང་། དཔལ་འབྱོར་ཐོག་ནས་ཧམ་པ་བྱས་པས། ཏང་གི་ལས་དོན་དང་དམག་དཔུང་གི་རྣམ་པ་ལ་གནོད་པ་ཚབས་ཆེན་བཟོས་ཡོད། ཀྲུང་དབྱང་དམག་ཨུད་ཀྱིས་ཞིབ་འཇུག་བྱས་པ་མ་ཟད་ཏང་ཀྲུང་དབྱང་ལ་སྙན་ཞུ་བྱས་ནས་ཆོག་མཆན་ཐོབ་པ་བརྒྱུད། ཧྥང་ཧྥེང་ཧུའེ་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་པ་བཅད་པ་དང་། དམག་དོན་ཞིབ་བཤེར་ལས་ཁུངས་ཀྱིས་ཧྥང་ཧྥེང་ཧུའེ་ཡི་གྱོད་གཞིའི་མྱུལ་ཞིབ་མཇུག་བསྒྲིལ་ནས་འདྲི་ཞིབ་ཁྲིམས་སྦྱོར་དུ་བསྐྱལ་བ་རེད། 
      འདིའི་སྔོན་དུ། ཀྲུང་དབྱང་དམག་ཨུད་ཀྱིས་ཧྥང་ཧྥེང་ཧུའེ་ལ་དམག་ཁོངས་ནས་ཕུད་པའི་ཆད་པ་བཅད་ཡོད་པ་དང་དམག་དཔོན་གྱི་གོ་མིང་མེད་པར་བྱས་ཡོད།