འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།ཀྲུང་གོ་དང་། མ་ལེ་ཞི་ཡ། ཐེ་ལན་བཅས་ཀྱིས“ཞི་བདེའི་མཛའ་གྲོགས—2018”མཉམ་འབྲེལ་དམག་དོན་
ནང་སྦྱོང་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། རྒྱལ་སྲུང་པུས་གནས་ཚུལ་སྤེལ་ནས་ཀྲུང་གོ་དང་། མ་ལེ་ཞི་ཡ། ཐེ་ལན་བཅས་རྒྱལ་ཁབ་གསུམ་པོའི་དམག་དཔུང་དབར་ངོས་འཛིན་གཅིག་མཐུན་བྱུང་བ་གཞིར་བཟུང་། “ཞི་བདེའི་མཛའ་གྲོགས—2018”ཀྲུང་གོ་དང་། མ་ལེ་ཞི་ཡ། ཐེ་ལན་བཅས་ཀྱི་མཉམ་འབྲེལ་དམག་དོན་ནང་སྦྱོང་ཟླ་10ཚེས་20ནས་29ཉིན་བར་མ་ལེ་ཞི་ཡའི་སེན་མེ་ལན་ཀྲོའུ་པོ་ཏེ་ཧྲེན་རྫོང་དང་། ཞུའེ་ལན་ཨེ་ཀྲོའུ་པ་ཧྲེང་གྲུ་ཁ་དང་དེ་བཞིན་མཚོའི་ཉེ་འཁོར་ས་ཁོངས་སུ་བྱ་རྒྱུ་ཡིན་པ་རེད། ནང་སྦྱོང་གི་ནང་དོན་ནི“མཉམ་འབྲེལ་བཙན་ཐབས་ཀྱི་ཞི་བདེའི་བྱ་སྤྱོད”ཞེས་པ་དེ་རེད། ཀྲུང་གོ་ཕྱོགས་ཀྱི་ནང་སྦྱོང་ནང་ཞུགས་པའི་དམག་ཤུགས་ནང་དཔོན་དམག་692དང་། མཐར་སྐྲོད་དམག་གྲུ་2 གྲུ་ཐོག་ཐད་འཕུར་གནམ་གྲུ་2 དབྱིའར—76གི་སྐྱེལ་འདྲེན་གནམ་གྲུ་3 རླངས་འཁོར་4བཅས་ཚུད་པ་དེ་དག་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་དང་། ཤང་ཀང་དུ་བཅའ་སྡོད་དཔུང་སྡེ། ཨའོ་མོན་དུ་བཅའ་སྡོད་དཔུང་སྡེ་བཅས་ཀྱིས་མངགས་གཏོང་བྱས་པ་ཞིག་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ནང་སྦྱོང་གི་དམིགས་ཡུལ་ནི་ཀྲུང་གོ་དང་། མ་ལེ་ཞི་ཡ། ཐེ་ལན་བཅས་རྒྱལ་ཁབ་གསུམ་པོའི་དམག་དཔུང་གིས་ལྷོ་རྒྱ་མཚོའི་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་འདོད་བློ་སྔར་བས་མངོན་པ་དང་ཕན་ཚུན་དབར་གྱི་དངོས་སྒྲུབ་དོན་གཉེར་སྤེལ་རེས་དང་མཉམ་ལས་སྔར་བས་སྲ་བརྟན་དུ་བཏང་ནས་བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ་ཞིག་ཡིན་པ་ལས་ནང་སྦྱོང་དེ་རྒྱལ་ཁབ་གཞན་གང་ལའང་དམིགས་པ་ཞིག་མ་ཡིན།