འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།རྒྱལ་ཡོངས་ཀྱི་དངོས་ཡོད་བརྗོད་བྱ་ཕུལ་བྱུང་གི་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་འཁྲབ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུས་ནས་དངོས་ཡོད་བརྗོད་བྱའི་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད། རིག་གནས་དང་ཡུལ་སྐོར་པུས་གཙོ་གཉེར་དང་། རིག་གནས་དང་ཡུལ་སྐོར་པུའི་སྒྱུ་རྩལ་སི་དང་ཞིང་ཆེན(ཆུས་དང་གྲོང་ཁྱེར)ཁག་གི་རིག་གནས་ཐིང(ཅུས)གིས་སྒྲུབ་འགན་འཁུར་བའི་རྒྱལ་ཡོངས་ཀྱི་དངོས་ཡོད་བརྗོད་བྱ་ཕུལ་བྱུང་གི་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་ཀྱི་འཁྲབ་སྟོན་ཚེས་15ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་འབྲེལ་ཟླ་12པའི་ཟླ་མཇུག་བར་རྒྱུན་མཐུད་བྱ་རྒྱུ་རེད།
     འཁྲབ་སྟོན་འགོ་ཚུགས་ཀྱི་ལེ་ཚན་ནི་རིག་གནས་དང་ཡུལ་སྐོར་པུས་བཏོན་པའི་《འདུན་པ་མཚོན་པའི་དུས་རབས་གསར་པ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་གསར་རྩོམ་རོལ་དབྱངས་འདུ་ཚོགས་》ཡིན་པ་དང་། འཁྲབ་སྟོན་གྱི་ལེ་ཚན་ཚང་མ་གསར་རྩོམ་བྱས་པ་ཤ་སྟག་རེད། དེར་བརྟེན་རིག་གནས་དང་ཡུལ་སྐོར་པུའི་སྒྱུ་རྩལ་སིས་གཞས་གདངས་རྩོམ་མཁན་དང་གཞས་ཚིག་འབྲི་མཁན་གྲགས་ཅན་སྒྲིག་འཛུགས་བྱས་ནས་ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་དང་། ཧྲེན་ཀྲེན་དམིགས་བསལ་ཁུལ། ཀྲུའུ་ཧའེ། ཞ་མོན། ཞུང་ཨན་ཁུལ་གསར་བཅས་སུ་གསར་རྩོམ་གྱི་རྒྱུ་ཆ་འཚོལ་བསྡུ་དང་འཚོ་བར་ཉམས་ལེན་བྱེད་པར་སླེབས་ཡོད།
     འཁྲབ་སྟོན་རིང་། རྒྱལ་ཡོངས་ཀྱི་ཞིང་ཆེན(ཆུས་དང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གསར་རྩོམ་བྱས་པའི་དངོས་ཡོད་བརྗོད་བྱ་ཕུལ་བྱུང་གི་སྒྱུ་རྩལ་བརྩམས་ཆོས་232ཞིང་ཆེན(ཆུས་དང་གྲོང་ཁྱེར)ཁག་ཏུ་འཁྲབ་སྟོན་བྱ་རྒྱུ་དང་བསྡོམས་འཁྲབ་སྟོན་བྱེད་ཐེངས་600ཡན་ཟིན་རྒྱུ་རེད། རིག་གནས་དང་ཡུལ་སྐོར་པུས་ད་དུང་དེ་དག་ལས་ཕུལ་བྱུང་གི་ཟློས་གར་རྣམ་གྲངས་14བདམས་ནས་པེ་ཅིང་དུ་གཅིག་སྡུད་དཔེ་སྟོན་འཁྲབ་སྟོན་བྱ་རྒྱུ་དང་སྔོན་དཔག་ལྟར་ན་འཁྲབ་སྟོན་ཐེངས་26བྱེད་རྩིས་ཡོད་པ་རེད།
     འཁྲབ་སྟོན་ལ་ཞུགས་པའི་བརྩམས་ཆོས་ཀྱི་སྣ་ཁ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེའི་ནང་རོལ་དབྱངས་ཟློས་གར་རིགས་ཀྱི་བརྩམས་ཆོས་51ཡོད་པ་དང་། བྱིས་པའི་གཏམ་བརྗོད་ཟློས་གར་རིགས་ཀྱི་བརྩམས་ཆོས་46ཡོད་པ། ཁྲང་ཞིའི་རིགས་ཀྱི་བརྩམས་ཆོས་135ཡོད་པའི་ནང་པེ་ཅིང་གི་ཁྲང་ཞི་དང་ཁུན་ཧྲན་གྱི་ཁྲང་ཞི་སོགས་རིགས་58ཡོད་པ་རེད།
     འཁྲབ་སྟོན་གྱི་བརྗོད་བྱ་ཕུན་སུམ་ཚོགས་ལ་ཁྱད་ཆོས་མངོན་གསལ་དོད་ཅིང་། འཁྲབ་སྟོན་ལ་ཞུགས་པའི་བརྩམས་ཆོས་ཁྲོད་སྔོན་ཐོན་མི་སྣར་དམིགས་པའི་བརྩམས་ཆོས་46དང་། སྤྱིར་བཏང་མང་ཚོགས་ཀྱི་འཚོ་བ་མངོན་པའི་བརྩམས་ཆོས་70 ཞིང་ལས་གྲོང་གསེབ་ཀྱི་བརྗོད་བྱའི་བརྩམས་ཆོས་52 གྲོང་ཁྱེར་བརྗོད་བྱའི་བརྩམས་ཆོས་42 དབུལ་སྐྱོར་བརྗོད་བྱའི་བརྩམས་ཆོས་46 རུལ་རྒོལ་བརྗོད་བྱའི་བརྩམས་ཆོས་6ཡོད་པ་རེད།