འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་
རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)བཀྲམ་ཞིང་། འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་དང་ཆུ་ཁོངས་སྣོད་བཅུད་སླར་གསོའི་ལས་དོན་སྔར་བས་སྤེལ་ཤུགས་ཆེ་རུ་བཏང་བ་རེད།
     《བསམ་འཆར་》ནང་འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་ཡིན་ལ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཡང་རེད། ལོ་མང་རིང་ཆུ་བཀག་རགས་རྒྱག་དང་། ཆུ་ཁོངས་སྦགས་བཙོག་བཟོས་པ། ཉ་བཟུང་དྲགས་པ་སོགས་མིའི་རིགས་ཀྱི་བྱེད་སྒོའི་ཤུགས་རྐྱེན་འོག་འབྲི་ཆུའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་རྒྱུན་མཐུད་ཉུང་དུ་ཕྱིན་ནས། ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་གི་རྣམ་པ་ཛ་དྲག་པ་དང་ཆུ་ཁོངས་སྣོད་བཅུད་སླར་གསོའི་ལས་འགན་ཧ་ཅང་ལྕི་པོ་ཡོད་པ་བསྟན་ཡོད།
     《བསམ་འཆར་》ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་དང་། སྲུང་སྐྱོང་སྔོན་དུ་བྱེད་པ་དང་རང་བྱུང་སླར་གསོ་གཙོ་བོར་བྱེད་པ་མཐའ་འཁྱོངས། སྲུང་སྐྱོང་དང་སླར་གསོ་བྱ་ཐབས་འཐུས་ཚང་དུ་གཏོང་བ། འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་ཀྱི་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “མཉམ་དུ་སྲུང་སྐྱོང་ཆེན་པོར་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པའི”འབྲེལ་ཡོད་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།
     《བསམ་འཆར་》ནང་2020ལོར་སླེབས་སྐབས་འབྲི་ཆུ་རྒྱུག་ཁུལ་གྱི་ཆུ་ཁོངས་གཙོ་བོར་ལོ་འཁོར་མོར་ཉ་འཛིན་མི་ཆོག་པ་མངོན་འགྱུར་ཐུབ་རྒྱུ་ཡིན་པས། ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་ལྟ་སྐུལ་དོ་དམ་གྱི་འཇོན་ཐང་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་དང་། སྲུང་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ། ངལ་གསོའི་ཁུལ་གལ་ཆེན་སྲུང་སྐྱོང་ནུས་ལྡན་ཐུབ་པ། སྐྱེ་དངོས་ཀྱི་ཁོར་ཡུག་གལ་ཆེན་སླར་གསོའི་ཐད་དོན་དངོས་རང་བཞིན་གྱི་འཕེལ་རིམ་ཡོང་བ། ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ཀྱི་སླར་གསོའི་རང་བཞིན་ཆེ་རུ་འགྲོ་བ། ཆུ་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་བཙོག་འགྱུར་དང་ཆུ་སྐྱེས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉུང་དུ་འགྲོ་བའི་འཕེལ་ཕྱོགས་གཞི་རྩའི་ཆ་ནས་བཀག་འགོག་ཐུབ་པ་བྱ་རྒྱུ་བཅས་རེད། 2035ལོར་སླེབས་སྐབས་འབྲི་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས། ཆུ་སྐྱེས་སྐྱེ་དངོས་ངལ་གསོའི་ཁོར་ཡུག་ཕྱོགས་ཡོངས་ནས་སྲུང་སྐྱོང་ཐུབ་སྟེ། ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་མངོན་གསལ་དོད་པོས་མང་དུ་འགྲོ་རྒྱུ་དང་ཆུ་ཁོངས་སྣོད་བཅུད་ཀྱི་ནུས་པ་སླར་གསོ་ནུས་ལྡན་ཐུབ་རྒྱུ་ཡིན་པ་ཁ་གསལ་སྟོན་ཡོད།
     《བསམ་འཆར་》ནང་སྣོད་བཅུད་སླར་གསོ་དང་། སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་སྲུང་སྐྱོབ། སྐྱེ་དངོས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན། སྣོད་བཅུད་ཁ་གསབ་འཐུས་ཚང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། འདེགས་སྐྱོར་འགན་ལེན་བྱེད་ཤུགས་ཆེར་གཏོང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་སོགས་ཕྱོགས་7ཐད་ཀྱི་སྲིད་ཇུས་བྱེད་ཐབས་19བཏོན་པ་དེ་རྩ་ཆེ་ལ་སྟོངས་ལ་ཉེ་བའི་སྐྱེ་དངོས་མྱུར་སྐྱོབ་རང་བཞིན་སྲུང་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང། ཚན་རིག་གི་འདེགས་སྐྱོར། འགན་འཁྲི་དོན་འཁྱོལ་དང་སྤྱི་ཚོགས་སྐུལ་སློང་སོགས་འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་གི་ལས་དོན་དང་འབྲེལ་ཡོད་ཀྱི་བརྒྱུད་རིམ་ཆ་ཚང་དང་ལྷུ་ཚིགས་ཁག་ལ་ཚུད་ཡོད་པ་རེད།