འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།ལང་ཚོ་སྐྱེས་སུ་འབུལ་མཁན་འབྲི་ཆུའི་ཆུ་འགོའི་གནམ་གཤིས་ལྟ་དཔྱད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
ཐོག་ཐོན་གཙང་པོའི་གནམ་གཤིས་ལྟ་དཔྱད་ས་ཚིགས་ཀྱི་ལས་དོན་མི་སྣས་གསོར་ཁྲོན་ནས་ས་དཔེ་ལེན་བཞིན་པ།
ཐོག་ཐོན་གཙང་པོའི་གནམ་གཤིས་ལྟ་དཔྱད་ས་ཚིགས་ཀྱི་ལས་དོན་མི་སྣས་གསོར་ཁྲོན་ནས་ས་དཔེ་ལེན་བཞིན་པ།
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་3ཉིན། ནམ་ལངས་མ་ཐག་ཐོག་ཐོན་གཙང་པོའི་ངོགས་ཀྱི་གནམ་གཤིས་ལྟ་དཔྱད་ས་ཚིགས་ཀྱི་ཀྲེན་ཀྲང་ཝང་ལེ་ཧྥུའུ་ཡིས་སྲིང་བལ་གོས་གྱོན་རྗེས་གྲངས་འཛིན་བར་སྣང་དཔྱད་ཆས་བྱང་ཆུབ་པའི་ངང་སྙོམས་སྒྲིག་བྱས་པ་དང་སྦྲགས་ཚངས་ཐིག་སྨི་2.5ཙམ་ཡོད་པའི་ཆིང་རླུང་ལྒང་བུའི་ཐོག་བཀལ། རླུང་ཤུགས་རིམ་པ་7གྱི་ཁྲོད་ཝང་ལེ་ཧྥུའུ་མགྱོགས་མྱུར་དམིགས་སར་བསྐྱོད་དེ་ལྒང་བུ་དེ་མཐོ་ཚད་སྨི་ཁྲི་3བར་འཕུར་རྒྱུར་སྒུག་ནས་བསྡད།
         དེ་རྗེས། གནས་དེ་གའི་དྲོད་ཚད་དང་། རླུང་ཚད། རླུང་གནོན། བརླན་ཚད་སོགས་ཀྱི་གནམ་གཤིས་དཔྱད་གཞིའི་རྒྱུ་ཆ་འཕྲལ་དུ་རྒྱབ་ཕྱོགས་ལས་སྟེགས་སུ་བརྒྱུད་གཏོང་བྱེད་འགོ་ཚུགས།
         1956ལོར་བསྐྲུན་པའི་ཐོག་ཐོན་གཙང་པོའི་གནམ་གཤིས་ལྟ་དཔྱད་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་དུ་གནས་ཤིང་། ས་བབ་མཐོ་ཚད་སྨི་4539ཟིན་པ་དང་། དེ་ནི་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་བར་སྣང་ལྟ་དཔྱད་ས་ཚིགས་ཤིག་རེད། གནས་དེ་ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་། གསོ་རླུང་དཀོན་པའི་ཁར་ལོ་གཅིག་ལ་དར་ཆགས་པའི་དུས་ཚོད་ཟླ་བ་བདུན་ཟིན་པས་གནམ་གཤིས་ཧ་ཅང་ཞན་པོ་ཡོད།
         ཐོག་ཐོན་གཙང་པོའི་གནམ་གཤིས་ལྟ་དཔྱད་ས་ཚིགས་ཀྱིས་ཉིན་ལྟར་ལྟ་དཔྱད་ཐུབ་པའི་གྲངས་གཞི་ཚང་མ་འཕྲལ་མ་ཉིད་དུ་ཀྲུང་གོ་གནམ་གཤིས་ལས་ཁུངས་སུ་བརྒྱུད་གཏོང་བྱེད་དགོས་པ་དང་། དེ་ནས་སླར་ཡང་འཛམ་གླིང་ཡོངས་ཀྱི་གནམ་གཤིས་སྡེ་ཚན་དང་སྤེལ་རེས་བྱེད་ཀྱི་ཡོད། གྲངས་གཞི་དེ་དག་ནང་མཚོ་བོད་ས་མཐོའི་གདང་ལའི་ཁུལ་གྱི་རླུང་ཁམས་ཆེ་མོའི་འཁོར་སྐྱོད་དང་གནམ་གཤིས་གྱི་གནས་ཚུལ་ཟིན་ཐོར་བཀོད་ཡོད་པ་དང་། དེ་མཚོ་བོད་ས་མཐོ་ཧྲིལ་པོའི་གནམ་གཤིས་ཁོར་ཡུག་ཙམ་མ་ཟད། ཐ་ན་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱ་རྒྱུའི་ངོས་ནས་བརྗོད་ནའང་རིན་ཐང་གལ་ཆེན་ལྡན་ཡོད།
         ཉིན་ལྟར་ཞོགས་པའི་ཆུ་ཚོད་7དང་སྐར་མ་15ནས་སྐར་མ་20དང་སྐར་ཆ་59ཡི་བར་ནི། གོ་ལ་ཧྲིལ་པོའི་གཅིག་གྱུར་གྱི་བར་སྣང་ལྟ་དཔྱད་དུས་ཚོད་ཡིན་པ་དང་། དུས་ཚོད་དེ་ཡོལ་ཚེ། ཉིན་དེའི་གོ་ལ་ཧྲིལ་པོའི་གྲངས་གཞི་བརྗེ་ལེན་གྱི་བརྒྱུད་རིམ་ནང་མཚོ་བོད་ས་མཐོའི་གདང་ལའི་ཁུལ་གྱི་རླངས་ཁམས་ཆེ་མོའི་འཁོར་སྐྱོད་དང་གནམ་གཤིས་གནས་ཚུལ་གྱི་དཔྱད་གཞི་སྟོང་པ་ཡིན་པ་རེད།
        1987ལོར་སྐྱེས་པའི་ཝང་ལེ་ཧྥུའུ་ཡིས་གནས་དེར་གནམ་གཤིས་ལྟ་དཔྱད་ལས་ཀ་བྱས་ནས་ལོ་8སོང་ཞིང་། ཁོང་དང་མཉམ་དུ་ལས་ཀ་བྱེད་མཁན“85རྗེས་སྐྱེས”དང“90རྗེས་སྐྱེས”ཀྱི་ལས་རོགས་གཞན་དག་13ལས་མེད་པ་རེད། ལས་རོགས་ལོ་གཞོན་དེ་དག་ཕུད། ས་རྒྱ་ཆེ་བའི་གནས་དེར་མི་སྡེ་མཐོང་དཀོན་པོ་ཡོད།
        “སྐབས་དེ་དུས་ཅིའི་ཕྱིར་འདིར་ཡོང་རྒྱུའི་གདམ་ག་བྱས་པ་ཡིན་ནམ”ཞེས་གསར་འགོད་པས་ཝང་ལེ་ཧྥུའུ་ལ་འདྲི་སྐབས། ཐེ་ཚོམ་ཏོག་ཙམ་བྱེད་བཞིན་ཁོང་གིས“གནམ་གཤིས་ལས་ཀར་དགའ་པོ་ཡོད་པས་ཡིག་རྒྱུགས་ལོན་མ་ཐག་འདིར་ཡོང་བ་ཡིན”ཞེས་བརྗོད།
        ལོ་30ལྷག་ཙམ་ལ་སླེབས་པའི་ཝང་ལེ་ཧྥུའུ་ཡི་ཨམ་སྐྲ་ཅུང་དཀར་པོ་ཆགས་ཡོད་ཅིང་། ལོ་བརྒྱད་ཀྱི་གོང་ཁོང་ཐོག་ཐོན་གཙང་པོའི་གནམ་གཤིས་ས་ཚིགས་སུ་ལས་ཀར་ཡོང་སྐབས་དུས་གཅིག་ལ་ལས་ཀར་ཞུགས་པའི་ལས་རོགས་བུ་མོ་ཞིག་དང་དགའ་རོགས་བསྒྲིགས། ཁོ་གཉིས་ངོ་ཤེས་པ་ནས་གཉེན་སྒྲིག་དང་ཕྲུ་གུ་སྐྱེས་པའི་བར་གནམ་གཤིས་ལྟ་དཔྱད་ས་ཚིགས་དང་ཁ་བྲལ་མྱོང་མེད།
         གདང་ལའི་ཁུལ་དུ་གསོ་རླུང་དཀོན་པོ་ཡོད་ལ་ལས་མི་དེ་བས་ཀྱང་དཀོན་པོ་ཡོད། གནམ་གཤིས་ལྟ་དཔྱད་ས་ཚིགས་སུ་ལས་ཀ་བྱས་ཚེ། མི་ཚེ་གཅིག་ལ་འཚོ་བ་ཡུལ་པོ་སྐྱེལ་དགོས་པ་གཏན་འཁེལ་ཡིན་ཞིང་། ཝང་ལེ་ཧྥུའུ་ཡིས་དགོང་མོར་མིའི་དབུགས་རྔུབ་ལེན་གྱི་སྒྲ་ཐོས་རྒྱུ་ཡོད་པ་ཕུད། རླུང་བུ་དང་སྲོག་ཆགས་ཀྱི་སྒྲ་ལས་ཐོས་རྒྱུ་མེད་ཅེས་བརྗོད།
         གནམ་གཤིས་ལྟ་དཔྱད་ས་ཚིགས་ཀྱི་ལས་བཟོ་མང་ཆེ་བ་ཤ་རིད་ཅིང་ནག་ལ་མཆུ་ཏོ་སྨུག་པོ་ཡིན་པས། བལྟས་པ་ཙམ་གྱིས་ལོ་མཉམ་ལས་རྒན་བཟོ་དོད་པ་དང་བབ་ཆགས་པའི་སྣང་བ་ཞིག་ཡོང་གི་ཡོད་མོད། འོན་ཀྱང་། གནམ་གཤིས་ལས་དོན་གྱི་སྐོར་གླེང་སྐབས་ཁོང་ཚོར་སྐད་ཆ་ཆུ་རྒྱུག་རྒྱུག་གླེང་རྒྱུ་འདུག
         ལོ་60ལྷག་ཙམ་རིང་། ད་དུང་ཐོག་ཐོན་གཙང་པོའི་གནམ་གཤིས་ལྟ་དཔྱད་ས་ཚིགས་ཀྱིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཁུ་ཁུ་ཤིས་རིའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་ལ་ཞབས་འདེགས་ཞུ་གི་ཡོད། གནམ་གཤིས་ལྟ་དཔྱད་ས་ཚིགས་དེས་མཁོ་འདོན་བྱས་པའི་གནམ་གཤིས་ཀྱི་གྲངས་གཞིས་མཚོ་བོད་ས་མཐོ་འཛུགས་སྐྲུན་དང་དེ་བཞིན་བདེ་འཇགས་འཁོར་སྐྱོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
        འཛམ་གླིང་ཡང་རྩེར་ན་སོ་དར་ལ་བབས་པའི་གཞོན་ནུ་ནས་ལོ་ན་རྒས་པའི་བར་གནས་དེའི་གནམ་གཤིས་ལྟ་དཔྱད་ལས་དོན་པས་ས་མཐོར་ལང་ཚོ་སྐྱེས་སུ་ཕུལ་ཡོད།
        ནང་མིར་གནས་དེའི་གནས་ཚུལ་སྐོར་གླེང་རྒྱུར་ཡང་གནམ་གཤིས་ལྟ་དཔྱད་ས་ཚིགས་ཀྱི་ལས་རོགས་ཚོར་ཐབས་མཆོག་མང་པོ་ཡོད་ཅིང་། དགུན་ཁ་གནམ་གཤིས་གྲང་ངར་ག་ཚོད་ཆེ་རུང་། ཁང་པའི་ནང་རང་གི་ཕ་མ་དང་བརྙན་ལམ་ཐོག་ནས་གླེང་མོལ་བྱེད་སྐབས་སྐྱེས་པ་ཚོས་ཁན་སྦྱར་ལས་མི་གོན་པ་དང་། བུད་མེད་ཚོས་འོག་འཇུག་ལས་གྱོན་གྱི་མེད། སེམས་སྡུག་ཇི་འདྲ་ཡོད་རུང་དུས་བཀག་བཞིན་གྲོགས་ཚོགས་ཀྱི་ནང་དོན་གསར་པར་བརྗེས་ནས་བདེ་སྐྱིད་ཀྱི་ཚོར་སྣང་ཆུང་ཆུང་གཞན་ལ་གླེང་གི་ཡོད།
        ད་ཆའི་བསམ་འདུན་གང་ཞིག་ཡིན་པའི་སྐོར་འདྲི་སྐབས་ཝང་ལེ་ཧྥུའུ་ཡིས“ནགས་ཚལ་ལ་བལྟ་བར་འགྲོ་འདོད་ཡོད་པ་དང་མེ་ཏོག་གི་དྲི་ཞིམ་སྣོམ་འདོད་འདུག”ཅེས་ཐེ་ཚོམ་མེད་པར་བརྗོད།