འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་17ཉིན།

༄༅།།མཚོ་སྔོན་དུ་བ་དམ་ཚོད་འདེབས་ལེགས་གྲུབ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་17ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་ཞིང་འབྲོག་དང་དབུལ་སྐྱོར་གསར་སྤེལ་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་དུ་བ་དམ་ཚོད་འདེབས་ཐེངས་དང་པོ་ལེགས་གྲུབ་བྱུང་བ་རེད།
         “རང་རྒྱལ་ནི་བ་དམ་འདེབས་འཛུགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་བ་དམ་སྐྱེ་འཚར་ལ་འཚམ་པ་ནི་གནམ་གཤིས་དྲོ་པོ་དང་ཆར་ཆུ་འོས་འཚམ་ལྡན་པའི་བྱེ་སའི་ས་ཁུལ་ཡིན་པ་དང་། གནམ་གཤིས་མཐོ་གྲང་དང་ཐན་པ་མང་བ་དང་ཆར་ཆུ་ཉུང་བའི་མཚོ་སྔོན་ཞིང་ཆེན་དུ་དེ་སྔ་བ་དམ་འདེབས་མྱོང་མེད”ཅེས་རྣམ་གྲངས་ཀྱི་འགན་ཁུར་བ་མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་ཁང་གི་དགེ་རྒན་ཆེ་མོ་བ་ཝང་ཧྲུའུ་ལིན་གྱིས་བརྗོད།
         འདི་ལོའི་ཟླ་གསུམ་པ་ནས་བཟུང་ཝང་ཧྲུའུ་ལིན་དང་ཚན་རིག་ཞིབ་འཇུག་ཚོགས་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་གི་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་གླིང་ཡུལ་ལྷ་རྟེན་གཞིར་བ་དམ་དང་ལྒ་སྐྱ་ནང་འདྲེན་ཚོད་འདེབས་ཐེངས་དང་པོ་བྱས་པའི་ནང་བ་དམ་སྣ་ཁ་5ནང་འདྲེན་བྱས་ཤིང་། ཁོང་ཚོས་ས་རྒྱུ་ལེགས་བཅོས་དང་། འགྱིག་སྲབ་གཡོགས་པ། ཞིང་སྨན་གཏོར་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་མཚོ་སྔོན་དུ་བ་དམ་སྐྱེ་འཚར་ཡག་པོ་བྱུང་ནས་ཚོད་འདེབས་ལེགས་གྲུབ་བྱུང་བ་རེད།
       “མིག་སྔར་བ་དམ་ཞིང་གི་སྐྱེ་ཚུལ་བཟང་ཞིང་ནད་དང་འབུའི་གནོད་འཚེ་ཉུང་བ་དང་། ད་ཐེངས་ཀྱི་ཚོད་འདེབས་ལེགས་གྲུབ་བྱུང་བ་ལས་བ་དམ་མཚོ་སྔོན་གྱི་ས་མཐོའི་འགྱིག་ཤོག་དྲོད་ཁང་ནང་འདེབས་རྒྱུར་འཚམ་པོ་ཡོད་པ་ར་སྤྲོད་ཐུབ་ཡོད”ཅེས་སྐུ་འབུམ་རྫོང་ཞིང་འབྲོག་དང་དབུལ་སྐྱོར་གསར་སྤེལ་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོང་ཕིན་ཀུའེ་ཡིས་བརྗོད། ཁོང་གིས་ད་ཐེངས་བ་དམ་ཚོད་འདེབས་མུའུ་8བྱས་པར་སྡོང་པོ་རྐང་གཅིག་ནས་ཐོན་འབབ་ཁེ་220ནས་ཁེ་350བར་བྱུང་བ་དང་། སྔོན་དཔག་བྱས་ན་མུའུ་རེ་ནས་སྤྱི་རྒྱ་500ཡན་ཐོན་པ་འདུག་ཅེས་བརྗོད།
         མཚོ་སྔོན་དུ་བ་དམ་ཚོད་འདེབས་ལེཌ་གྲུབ་བྱུང་བ་ལས་མཚོ་སྔོན་གྱི་འགྱིག་ཤོག་དྲོད་ཁང་གི་སྔོ་ཚལ་འདེབས་འཛུགས་ཀྱི་སྣ་ཁར་གདམ་ག་གསར་པ་བྱུང་བ་མ་ཟད། མཚོ་སྔོན་དུ་བ་དམ་འདེབས་འཛུགས་མི་ཐུབ་པའི་སྟོང་ཆ་བསྐངས་ཡོད་པ་དང་། ད་དུང་འགྱིག་ཤོག་དྲོད་ཁང་གི་སོག་རྐང་མང་དུ་ཕྱིན་ནས་བསྐྱར་འདེབས་གྱི་བསྡུར་གྲངས་དང་དེ་བཞིན་ས་ཞིང་བེད་སྤྱོད་བྱེད་ཤུགས་ཆེ་རུ་འགྲོ་གི་ཡོད། གཞན་ཡང་ཚལ་འདེབས་ཞིང་པར་ཕན་པ་མང་དུ་ཕྱིན་པ་དང་སྔོ་ཚལ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལའང་ཕན་པ་ཡོད་པ་རེད།