འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་16ཉིན།

༄༅།།སློབ་གསོ་ཆ་འཕྲིན་ཅན་ལས་ནུབ་རྒྱུད་གྲོང་གསེབ་ཀྱི་ཕྲུ་གུའི“སྒྲ་མ་དག་པའི་དབྱིན་སྐད”ལ་འགྱུར་ལྡོག་
བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་ནུབ་རྒྱུད་ཀྱི་ས་ཆ་མང་པོར་དགེ་རྒན་དཔུང་ཁག་གི་སྟོབས་ཤུགས་དང་སློབ་ཁྲིད་ཀྱི་སྒྲིག་ཆས་བལྟོས་བཅས་ཀྱིས་ཞན་པས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་མང་པོའི་དབྱིན་ཡིག་གི་ཆུ་ཚད་དམའ་ལ་ཁ་སྐད་ཚད་ལྡན་ཞིག་རྒྱག་ཐུབ་ཀྱི་མེད་ཅིང་། ས་གནས་ཁག་གཅིག་གི་ཕྲུ་གུས་རྒྱུན་དུ་ཡུལ་སྐད་ཀྱི་ཤན་ཆེན་པོ་ཞུགས་པའི“སྒྲ་མ་དག་པའི་དབྱིན་སྐད”རྒྱག་གི་ཡོད། འོན་ཀྱང་དྲ་རྒྱའི་ལག་རྩལ་རིམ་བཞིན་ཁྱབ་གདལ་འགྲོ་བ་དང་བསྟུན་ནས་ས་ཆ་མང་པོར་དྲ་སྦྲེལ་+སློབ་གསོའི་དབུལ་སྐྱོར་རྣམ་པ་འཚོལ་ཞིབ་དང་ཧུར་ཐག་སྤྱོད་བཞིན་པས་ཕྲུ་གུ་ཚོས་ལག་ཐོགས་ཁ་པར་རམ་ཡང་ན་གློག་ཀླད་བརྒྱུད་ཤེས་བྱ་གསར་པ་དང་ལེན་ཐུབ་པ་དང་དར་རྒྱས་ཆེ་བའི་ས་ཁུལ་དང་འདྲ་བར་སློབ་གསོ་སྤུས་ལེགས་ཀྱི་ཐོན་ཁུངས་སྤྱོད་ཐུབ་ནས་ཁོང་ཚོའི་དབྱིན་ཡིག་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད་པ་རེད།
      ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་ཧྥེང་ཞང་རྫོང་ཅིན་ཚུན་སློབ་འབྲིང་གི་དམའ་རིམ་ལོ་རིམ་གཉིས་པའི་སློབ་མ་ཀྲང་ཨན་ཆི་ད་ཆ་དབྱིན་སྐད་ཀྱི་སྒྲ་ཧ་ཅང་དག་པོ་ཡོད་པ་རེད། འོན་ཀྱང་ཀྲང་ཨན་ཆི་ཡིས་ལོ་གཅིག་གི་གོང་ཁོང་དང་སློབ་གྲོགས་ཚོའི་དབྱིན་ཡིག་གི་སྒྲ་དག་པོ་མེད་པའི་ཁར་སྐད་ཆ་ཤོད་པའི་མྱུར་ཚད་དང་སྐད་གདངས་ལ་གནད་དོན་ཡོད་པ་དང་སྒྲ་འདོན་སྐབས“ཡུལ་སྐད་ཀྱི་ཤན”ཤུགས་ཆེན་པོ་ཞུགས་ཡོད་ཅེས་བཤད།
     ཀྲང་ལིང་གིས“དེ་སྔ་དབྱིན་ཡིག་སློབ་ཚན་འཚོག་སྐབས་ཕྲུ་གུ་ཚང་མས་སྐད་ཆེན་པོས་ཀློག་མི་ནུས་པ་ནི་གཙོ་བོ་རང་ཉིད་ཀྱི་སྒྲ་གདངས་ལ་གདེང་ཚོད་མེད་ཅིང་སྦྱངས་པ་ཚང་མ‘ལྐུགས་པའི་དབྱིན་ཡིག’ཡིན་སྟབས་ཇི་ཙམ་མ་སྦྱངས་པ་དེ་ཙམ་གྱིས་སྐད་ཆེན་པོས་ཀློག་ནུས་ཀྱི་མེད་པ་མ་ཟད། ཐ་ན་ཕྲུ་གུ་ཚོས་དབྱིན་ཡིག་སྦྱོང་བའི་དགའ་སྣང་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད”ཅེས་བཤད།
     ལོ་གཅིག་གི་གོང་ས་གནས་དེ་གའི་སློབ་གསོའི་སྡེ་ཚན་གྱིས་གཅེས་སེམས་ཁེ་ལས་ལ་གཞོགས་འདེགས་བྱས་ཏེ་ཧྥུང་ཞང་རྫོང་ཅིན་ཚུན་སློབ་འབྲིང་དང་ཀྲེ་ཧྥང་སློབ་འབྲིང་སོགས་སུ་སློབ་རིན་མི་དགོས་པའི་གློག་རྡུལ་སློབ་ཁྲིད་ཡོ་ཆས་མཁོ་འདོན་བྱས་ཏེ“དྲ་སྦྲེལ+དབྱིན་ཡིག”གི་དྲ་ཐོག་བློ་རིག་སློབ་ཁང་ཤར་གཏོང་བྱས་པ་རེད། ཀྲང་ཨན་ཆི་དང་སློབ་གྲོགས་ཚོས་ཉིན་ལྟར་ངོས་སྙོམས་གློག་ཀླད་སྤྱད་དེ་སློབ་ཡོན་མི་དགོས་པར་སློབ་སྦྱོང་གི་མཉེན་ཆས་ནང་འཛུལ་ནས་གྲགས་ཅན་དགེ་རྒན་གྱི་སློབ་ཚན་ཉན་པ་དང་སྤྲོ་སྣང་ལྡན་པའི་ངང་མིང་ཚིག་ངེས་པ་མ་ཟད། ད་དུང་དབྱིན་སྐད་གློག་བརྙན་གྱི་སྒྲ་སྦྱོར་བ་སོགས་བྱེད་ཐབས་སྣ་མང་བརྒྱུད་པས་སྒྲ་གདངས་ལ་རིམ་བཞིན་ཡོ་བསྲང་ཐུབ་པ་དང་དབྱིན་ཡིག་གི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
     ཧྥུང་ཞང་རྫོང་ཀྲེ་ཧྥང་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་ཧོང་ཡ་ཧྥང་གིས་ད་ཆའི་འགྱུར་ལྡོག་ལ་མྱོང་ཚོར་ཟབ་མོ་བྱུང་ནས“ཉེ་དུས་ཉིན་གཉིས་རིང་སློབ་མ་ཚོར་མཉེན་ཆས་ཀྱི་མ་ལག་ཏུ་སྦྱོང་ཚན་བཀོད་སྒྲིག་བྱས་མེད་པས་སློབ་མ་ཚོས་སེམས་འཚབ་ཆེན་པོས་ང་ལ་ཁ་པར་རྒྱག་གི་འདུག དེ་སྔ་སྒྲིག་ཆས་ཡག་ཤོས་ནི་སྒྲ་འབེབས་འཕྲུལ་ཆས་རེད། མ་ལག་གསར་པ་སྤྱད་དེ་ལོ་གཅིག་ཙམ་སོང་རིང་ལས་ཕྱོད་ཆེ་རུ་ཕྱིན་པ་ཚོར་སྣང་བྱུང་། ཕྲུ་གུ་ཚོའི་དགའ་སྣང་ཡང་འཕེལ་ནས་གོམས་གཤིས་འཇགས་རྗེས་ཕྲུ་གུ་ཚོར་ཡང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག”ཅེས་བཤད།
     ཟླ་10ཚེས་12ཉིན་ཕུགས་རེའི་འདུ་འགོད་ཀྱི“མཉམ་འཕུར་བྱ་སྤྱོད”ཀྱི་སློབ་གསོ་ཆ་འཕྲིན་ཅན་གྱི་སྤྱི་ཕན་རྣམ་གྲངས་ཀྱི་ཞལ་འདེབས་འབུལ་བའི་མཛད་སྒོ་ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་ཧྥུང་ཞང་རྫོང་དུ་གཉེར་བ་དེ་ནི་སྤྱི་ཕན་རྣམ་གྲངས་དེ་བཙུགས་ཚུན་རྒྱལ་ཡོངས་སུ་དོན་འཁྱོལ་བྱེད་ཐེངས་ཐོག་མ་དེ་ཡིན་པ་དང་འབྱུང་འགྱུར་ལོ་3གྱི་རིང་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཀྲའོ་ཀྲེ་རྫོང་དང་པའོ་ཅི་གྲོང་ཁྱེར་ཧྥུང་ཞང་རྫོང་སོགས་རྫོང(ཆུས)11ཏུ་རིན་གོང་སྒོར་ཁྲི་4200རི་བའི་དངུལ་སྨར་དང་སློབ་གསོ་ཆ་འཕྲིན་ཅན་གྱི་སྒྲིག་ཆས་ཞལ་འདེབས་འབུལ་རྒྱུ་རེད།
    ཀྲུང་གོ་སློབ་གསོ་ལག་རྩལ་མཐུན་ཚོགས་སློབ་གྲྭ་འབྲིང་ཆུང་གི་ཕྱི་རྒྱལ་སྐད་ཡིག་ཆ་འཕྲིན་ཅན་བཀོལ་སྤྱོད་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ལུའུ་ཙེ་ཝུན་གྱིས་སྤྱི་ཕན་རྣམ་གྲངས་དེ་ནི་གཙོ་བོ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་ཕྱོགས་པའི་དབྱིན་ཡིག་སློབ་ཚན་བཀོད་སྒྲིག་བྱ་རྒྱུ་དེ་ཡིན་པ་དང་དབྱིན་ཡིག་སློབ་ཚན་གྲོང་ཁྱེར་དང་གྲོང་གསེབ་དབར་ཧེ་བག་ཆེན་པོ་ཡོད་པའི་དངོས་ཡོད་གནད་དོན་ལ་དམིགས་ནས་དྲ་ཐོག་དང་དྲ་འོག་ཏུ་ཕྱོགས་བསྡུས་ཅན་གྱི་དགེ་རྒན་གྱི་གསོ་སྦྱོང་དང་། རྣམ་པ་ཆ་ཚང་གི་རིག་ནུས་ཅན་གྱི་སློབ་ཁྲིད་བཀོལ་སྤྱོད། གྲགས་ཅན་དགེ་རྒན་གྱི་ཐོན་ཁུངས་མཉམ་སྤྱོད་རོགས་རམ། སློབ་གསོ་ཆ་འཕྲིན་ཅན་གྱི་སློབ་གཞི་ཞིབ་འཇུག དཔེ་དེབ་དཔེ་སྐྲུན་དང་དེ་བཞིན་ཞལ་འདེབས་འབུལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ས་ཁུལ་དབུལ་པོའི་སློབ་གྲྭ་སྟོང་ཕྲག་དང་དབྱིན་ཡིག་དགེ་རྒན་ཁྲི་དང་འབྲེལ་མཐུད་བྱས་ཏེ་དབྱིན་ཡིག་སློབ་ཚན་གྱི་དགེ་རྒན་གྱི་སློབ་ཁྲིད་ནུས་པ་དང་ཆ་འཕྲིན་བྱང་ཚད་མཐོ་རུ་གཏོང་བ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད་ཅེས་བཤད།