འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་15ཉིན།

༄༅།།མཚོ་སྔོན་གྱི་ཁུལ་ཞིག་གི་སློབ་གསོ་ཅུས་ཀྱིས་ཁྱིམ་དང་སློབ་གྲྭའི་བར་འབྲེལ་གཏུག་སྟེགས་བུ"ངོ་བསྟོད་བྱེད་སར"འགྱུར་
རྒྱུར་འགོག་དགོས་པའི་བཀའ་རྒྱ་གསལ་བོ་བཏང་།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་15ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་14ཉིན། གསར་འགོད་པས་ཉེ་ཆར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་རྒྱུད་ཁུལ་གྱི་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཁུལ་ཁོངས་གཏོགས་ཀྱི་སློབ་གྲྭ་ཁག་དང་བྱིས་བཅོལ་ཁང་གི་སྐད་འཕྲིན། QQཡི་ལས་ཀའི་ཚོགས་པ་སོགས་ཏེ་ཁྱིམ་བདག་དང་སློབ་གྲྭ་བར་དྲ་རྒྱ་ཐོག་འབྲེལ་གཏུག་སྟེགས་བུ་དོ་དམ་ཚད་ལྡན་དུ་གཏོང་བ་དང་། རྒྱ་ཆེའི་ཁྱིམ་བདག་དང་སློབ་མ་ལ་ཚད་ལས་བརྒལ་བའི་སློབ་སྦྱོང་གི་གནོན་ཤུགས་ཇེ་ཡང་དུ་གཏོང་ཆེད། གྲོང་ཁྱེར་ནུབ་ཁུལ་གྱིས་《ཁྱིམ་དང་སློབ་གྲྭའི་བར་དྲ་རྒྱ་ཐོག་འབྲེལ་གཏུག་སྟེགས་བུ་ལ"ལྔ་དགོས་ཤིང་ལྔ་མི་དགོས"ཞེས་པའི་དོ་དམ་གཏན་འབེབས་》ཞེས་པ་ཁྱབ་བསྒྲགས་བྱས། 
     གཏན་འབེབས་ཀྱི་བླང་བྱ་ལྟར་ན། སྟེགས་བུ་ནས་སྤེལ་བའི་ཆ་འཕྲིན་ནི"ལྔ་དགོས་པ"སྟེ། གཅིག སློབ་གསོའི་ཇུས་གཞི་དང་སྲིད་ཇུས་དང་མཐུན་པ་དགོས་པ་དང་། གཉིས། ཕན་ནུས་ལ་དོ་སྣང་བྱེད་དེ་ལས་ཕྱོད་མཐོ་རུ་གཏོང་དགོས་ཤིང་། ཆ་འཕྲིན་ཕར་བསྐུར་ཚུར་བསྐུར་གྱི་ཁ་གྲངས་ཅི་ནུས་ཀྱིས་ཉུང་དུ་གཏོང་དགོས། གསུམ། ཡར་སྐུལ་ནུས་པ་ལྡན་པའི་འཕྲིན་བརྒྱུད་སྤྲོད་བྱེད་དགོས། བཞི། གུས་ལུགས་དང་ལྡན་དགོས་ཤིང། སྤྱི་བཏང་དུ་སྐད་ངག་གིས་འབྲེལ་བ་མི་བྱེད་ལ། མི་སྒེར་གྱི་རྣམ་འགྱུར་པར་རིས་གང་མོས་ངང་བེད་མི་སྤྱོད་པ། ལྔ། ཚད་ལྡན་གཟབ་ནན་ཡོང་བ་བྱེད་དགོས་ཏེ། དངོས་གཞིའི་གཞུང་ཡིག་གི་བླང་བྱ་ལྟར་བརྡ་ཐོ་གཏོང་དགོས་པ་བཅས་རེད།
     "ལྔ་མི་དགོས་པ་ནི"གཅིག ངལ་གསོའི་སྐབས་སུ་འཕྲིན་མི་བསྐུར་བ་དང་། ཆ་འཕྲིན་ནི་ལས་ཀའི་དུས་ཚོད་ནང་བསྐུར་བ། རྒྱ་ཆེ་བའི་སློབ་མ་དང་ཁྱིམ་བདག་གི་ངལ་གསོའི་དབང་ཆ་འགན་སྲུང་ཡང་དག་བྱ་དགོས་པ་དང་། གཉིས། ལས་བྱ་དང་གྲུབ་འབྲས་ཀྱི་ཨང་རིམ་མི་བསྐུར་བ། སློབ་མའི་ལས་བྱ་སློབ་ཚན་སྐབས་ནས་བཀོད་སྒྲིག་བྱེད་པ། འབྲེལ་གཏུག་བྱ་སའི་སྟེགས་བུ་ནས་མི་བསྐུར་བ། སློབ་མའི་རྒྱུགས་འབྲས་མི་བསྐུར་བ། དུས་མཉམ་དུ་སྐྱོན་བརྗོད་དང་བསྟོད་བསྔགས་བྱས་པ་མི་བསྐུར་བ། འདེམས་ཤོག་དང་དཔྱད་འཇོག་གི་ཆ་འཕྲིན་མི་བསྐུར་བ། གསུམ། སློབ་གསོ་ཅུས་ནས་ཆོག་མཆན་ཐོབ་མེད་པའི་རོགས་སྐྱོར་དང་དགེ་རྩ། ཞལ་འདེབས་སོགས་ཀྱི་བྱེད་སྒོའི་ཆ་འཕྲིན་མི་བསྐུར་བ། སྤྱི་བཏང་རང་བཞིན་གྱི་བརྡ་ཐོ་ལ། གཞི་རྩའི་ཐོག་ལན་མི་སློག་པ་དང་མོས་བསྟོད་མི་བྱེད་པ། "ངོ་བསྟོད་བྱེད་པའི"དོན་དག་འབྱུང་བར་འགོག་དགོས། བཞི། ལས་ཀ་དང་འབྲེལ་བ་མེད་པའི་གཏམ་གླེང་དང་པར་རིས། དྲ་ཚིགས་སོགས་ཀྱི་ཆ་འཕྲིན་མི་བསྐུར་བ། དཔེར་ན། ཚོང་ལས་ཀྱི་བརྡ་ཁྱབ་བམ་ཚོང་རྫས་འགྲེམས་ཚོང་། སློབ་གསོ་ལས་ཀ་བྱེད་མཁན"སྐད་འཕྲིན་ཚོང་པར"འགྱུར་བར་གཏན་འགོག་བྱེད་པ། "བརྡ་ཁྱབ་ཚོགས་པ"འབྱུང་བར་གཡོལ་དགོས། ལྔ། མི་གཞན་གྱི་གསང་བ་མི་བསྐུར་བ།
     གྲོང་ཁྱེར་ནུབ་ཁུལ་གྱི་སློབ་གསོ་ཅུས་ཀྱིས་ལས་ཁུངས་ཁག་གིས་སྟེགས་བུར་དཔྱད་ཞིབ་དང་ལྟ་སྐུལ་སོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད་པ་དང། སྟེགས་བུ་དོ་དམ་ནི་དགེ་རྒན་གྱི་དཔྱད་གཞིའི་ཁྱབ་ཁོངས་སུ་བསྡུ་རྒྱུ་རེད། གཏན་འབེབས་འདི་དང་འགལ་བའི་ལས་ཐོག་ལས་བྱེད་པ་དང་། དགེ་རྒན། ལས་བྱེད་མི་སྣ་བཅས་ལ། གནས་ཚུལ་ཚབས་ཆེ་ཆུང་ལྟར་དེ་འབྲེལ་གྱི་ཏང་སྒྲིག་དང་སྲིད་སྒྲིག་གི་ཆད་པ་གཅོད་རྒྱུ་དང་། གཏན་འབེབས་འདི་དང་འགལ་བའི་ཚབ་ཁྲིད་དགེ་རྒན་དང་གནས་སྐབས་གདན་ཞུའི་མི་སྣ་ལ་མཐའ་གཅིག་ཏུ་ལས་གནས་ལས་ཕྱིར་འབུད་གཏོང་རྒྱུ་རེད།