འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་15ཉིན།

༄༅།།ཀྲུང་གོ་དང་མོ་ཞི་ཁོའི་ཇུས་འདོན་ཚོགས་པ་དང་སྨྱན་སྦྱོར་གྱི་གླེང་མོལ་ཚོགས་འདུར་ཀྲུང་གོ་དང་ལ་ཏིང་མེ་གླིང་
གི་མཉམ་ལས་ཇུས་གཞི་གསར་པར་གྲོས་བསྡུར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་15ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་མོ་ཞི་ཁོ་གྲོང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྤྱི་པའི་ཕྱི་འབྲེལ་མཐུན་ཚོགས་དང་མོ་ཞི་ཁོའི་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་ཀྲུང་མོ་ཞིབ་འཇུག་ལྟེ་གནས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ཀྲུང་གོ་དང་མོ་ཞི་ཁོའི་ཇུས་འདོན་ཚོགས་པ་དང་སྨྱན་སྦྱོར་གྱི་གླེང་མོལ་ཚོགས་འདུ་ཚེས་8ཉིན་མོ་ཞི་ཁོའི་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་དུ་འཚོགས་ཤིང་། གླེང་མོལ་ཚོགས་འདུའི་ཐོག“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་ཇུས་གཞི་གསར་པར་གྲོས་བསྡུར་བྱས་པ་རེད།
     ཚོགས་ཞུགས་མི་སྣས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་མཉམ་ལས་ཀྱི་གཙོ་གནད་དང་དམིགས་ཚད་སོགས་ཀྱི་གྲོས་གཞིར་དམིགས་ཏེ་གཏམ་བཤད་སྤེལ་བ་དང་ལོ་ལྔའི་རིང་གི་དཔེ་མཚོན་དངོས་དང་ཟུང་འབྲེལ་གྱིས་དགེ་མཚན་ལྡན་པའི་བསམ་འཆར་བཏོན་པ་རེད། སྨྱན་སྦྱོར་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་འཐུས་མིས་ད་དུང་ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་པོས་གསར་འགོད་པ་གཏོང་རེས་དང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་རེས་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་གྲོས་འགོར་དམིགས་ཏེ་གྲོས་བསྡུར་བྱས་པ་རེད།
     ཀྲུང་གོར་བཅའ་སྡོད་མོ་ཞི་ཁོའི་དེ་སྔའི་གཞུང་ཚབ་ཆེ་མོ་བ་ཧོར་ཧེ་ན་ཝ་ལེ་ཐེས་ལ་ཏིང་མེ་གླིང་ལ་མིག་སྔར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་མེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་དུས་ལ་བབས་པ་བཞིན་ལ་ཏིང་མེ་གླིང་དུ་ཁྱབ་གདལ་བྱུང་ནས་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་མང་པོའི་ལག་རྩལ་དང་། དངུལ་རྩ། དོ་དམ་སོགས་ཀྱི་སྟོང་ཆ་གསབ་ཡོད་ལ། ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་དབར་རྒྱལ་ནང་དང་ས་ཁོངས་སྒྲོལ་བའི་མཉམ་ལས་ལ་སྐུལ་འདེད་ཀྱང་ཐེབས་ཡོད། ལ་ཀྲུང་ཕྱོགས་གཉིས་པོས་འབྱུང་འགྱུར་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གོ་སྐབས་དང་འགྲན་སློང་ལ་ཐུན་མོང་ཐོག་བསུ་བ་ཞུ་དགོས་ཞེས་བཤད།
     ཁོ་སི་ཐ་རི་ཁ་དང་། ཝུ་ར་ཀུའེ། ཁོ་ལོམ་པི་ཡ་བཅས་སུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བའི་འགན་འཁུར་མྱོང་བའི་དབང་ཞའོ་ཡོན་གྱིས་ཀྲུང་ལ་ཕྱོགས་གཉིས་པོར་ཕན་ཚུན་རྒྱུས་མངའ་ལོན་ཚད་ཟབ་ཏུ་གཏོང་བའི་བར་མཐོངས་སྔར་བཞིན་མང་པོ་ཡོད་པས་ཕྱོགས་གཉིས་པོས་ཚོང་དོན་གྱི་སྣ་ཁ་མང་དུ་གཏོང་བ་དང་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཀྲུང་ལ་ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ནུས། ཞིང་ལས། ཡུལ་སྐོར། སྐད་ཡིག་སློབ་ཁྲིད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆོག་ཅེས་བརྗོད།