འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་15ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་རིགས་གཅིག་མཁས་ཅན་གྱིས་བྱིས་པ་དེ་བས་མང་བར་ལུས་རྩལ་གྱི་སྤྲོ་སྣང་
ཉམས་ལེན་བྱེད་དུ་བཅུག་པ། 

—— གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་བློ་འབྱེད་རྣམ་གྲངས་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་15ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     པུ་དབྱི་ནོ་སི་ཨེ་རི་སིའི་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཉིན་མོ་དང་པོ་དེ་གཟའ་ཉི་མར་འཁེལ་ཞིང་། གྲོང་འདབས་སུ་ཡོད་པའི་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་སྤྱི་གླིང་གི་འགྲན་ར་ཚང་མའི་མདུན་དུ་བང་རིང་པོ་བསྒྲིགས་ནས་བསྒུགས་འདུག འགྲན་ར་རེ་རེའི་དབར་དུ་བསྐྲུན་པའི་ལུས་རྩལ་བློ་འབྱེད་རྣམ་གྲངས་དེ་དག་བྱིས་པ་ཚོའི་རྩེད་རར་གྱུར།
     ལོ་8ལ་སོན་པའི་ལོ་སྨི་ནཱ་དང་ལོ་5ལ་སོན་པའི་ལོ་ཤིས་ཨའོ་ནི་གཅེན་གཅུང་རེད། ཁོང་གཉིས་ཀྱིས་སྦེ་ག་ཉམས་ལེན་བྱས་མ་ཐག་ཡིན་མོད། ད་ཆ་ཡང་ཐའེ་ཆོན་དྲག་རྩལ་ཉམས་ལེན་ཁང་དུ་སླེབས་འདུག ཁོང་གཉིས་ཀྱི་ཨ་ཕས“གཅེན་གཅུང་གཉིས་ཀ་ལུས་རྩལ་ལ་ཧ་ཅང་དགའ་པོ་ཡོད། ནམ་རྒྱུན་རོགས་པ་ཚོ་དང་མཉམ་དུ་རྐང་རྩེད་སྤོ་ལོ་རྒྱག་གི་འདུག དེ་རིང་གཟའ་མཇུག་ཡིན་པས། ང་ཚོ་ནང་མི་ཚང་མ་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ལ་ལྟ་བར་ཡོང་བ་ཡིན། ཁོང་གཉིས་ཀྱིས་ལུས་རྩལ་སྣ་ག་མི་འདྲ་བ་མཐོང་བས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བརྗོད།
     ལོ་7ལ་སོན་པའི་ཐོ་མཱ་སིས་གྲི་རྩལ་རྣམ་གྲངས་ཉམས་ལེན་བྱས་པ་དང་། ཁོང་ལོ་ན་ཆུང་ཡང་གྲི་རྩལ་རྣམ་གྲངས་འདི་ཐོས་མྱོང་འདུག ཡིན་ན་ཡང་ཉམས་ལེན་བྱེད་མྱོང་མེད། དེ་རིང་རྨོག་གྱོན་ནས་རལ་གྲི་འཆང་བས་གཏམ་རྒྱུད་ནང་གི་མི་སྣ་ཡིན་པ་ལྟ་བུའི་ཚོར་སྣང་བྱུང་། ཁོང་གི་ཨ་མས་གསར་འགོད་པར“བུ་ནར་སོན་རྗེས་མུ་མཐུད་གྲི་རྩལ་སྦྱོང་མི་སྦྱོང་དེ་གལ་ཆེན་པོ་མིན། ལུས་རྩལ་སྔར་བས་མང་པོ་ཤེས་རྟོགས་བྱས་ཏེ་ལུས་རྩལ་ལས་སྤྲོ་བ་འཕེལ་བར་བྱ་རྒྱུ་དེ་གལ་ཆེན་པོ་ཡིན”ཞེས་བརྗོད།
     བྱིས་པ་ཚོར་གྲི་རྩལ་སློབ་ཚན་འཁྲིད་སྐབས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་ཡང་བློ་འབྱེད་སློབ་ཚན་འཁྲིད་སར་སླེབས་པ་དང་། དེ་སྔའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲི་རྩལ་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་མཁན་གྱི་ཆ་ནས། པཱ་ཧོ་དང་ཁ་ན་ཏའི་ལོ་17ལ་སོན་པའི་གྲི་རྩལ་ལུས་རྩལ་པ་ལའེ་ཨང་ནཱ་ཏི་གཉིས་ཀྱིས་བྱིས་པ་ཚོར་གྲི་རྩལ་གྱི་སྟངས་སྟབས་དཔེ་སྟོན་བྱས་པ་དང་སྦྲགས“གྲི་རྩལ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། ཕྱིས་སུ་ཁྱེད་ཚོའི་ཁྲོད་ནས་གྲི་རྩལ་ལུས་རྩལ་པ་ཐོན་རྒྱུའི་རེ་བ་ཡོད། ཕུགས་འདུན་ཡོད་ན་མངོན་འགྱུར་ཡོང་རྒྱུ་རེད”ཅེས་བསྔགས་སྐུལ་བྱས།
     གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་བློ་འབྱེད་རྣམ་གྲངས་གྲི་རྩལ་མཐུན་སྦྱོར་བ་ཏོ་སི་ཐོ་ཡིས། ལུས་རྩལ་བློ་འབྱེད་རྣམ་གྲངས་ནི་ནན་ཅིང་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་སྐབས་ནས་འགོ་བཙུགས་པ་ཞིག་རེད། སྤྱིར་བཏང་ལོ་6ནས་12བར་གྱི་བྱིས་པ་ཚང་མ་ཞུགས་ཆོག་ཅེས་ངོ་སྤྲོད་བྱས།
     དོན་དངོས་ཐོག གཞོན་ནུའི་ཨོ་རྩལ་འགྲན་ཚོགས་སྐབས་སུ། འགྲན་བསྡུར་ཁུལ་ཚང་མར་ལུས་རྩལ་བློ་འབྱེད་རྣམ་གྲངས་སྤེལ་ཡུལ་བཙུགས་ཡོད། རྒྱལ་སྤྱིའི་རྣམ་གྲངས་རྐྱང་པའི་ལུས་རྩལ་རྩ་འཛུགས་ཁག་གིས་ལུས་རྩལ་པ་གདན་དྲངས་ནས་ལྟད་མོ་བ་ལོ་ཆུང་གཞོན་ནུ་ཚོ་ཁྲིད་དེ་རྣམ་གྲངས་ཉམས་ལེན་བྱེད་ཀྱི་ཡོད།
     གཞོན་ནུའི་ཨོ་རྩལ་འགྲན་ཚོགས་སྐབས་སུ། རྣམ་གྲངས་ཁག་གཅིག་གི་བློ་འབྱེད་སྦྱོང་བརྡར་དང་ལེན་བྱས་རྗེས་གལ་སྲིད་ད་དུང་མུ་མཐུད་དང་ལེན་བྱེད་འདོད་པའམ་ཡང་ན་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་སྐབས་ཞུགས་མཁན་མང་དྲགས་པས་ཞུགས་མ་ཐུབ་ཀྱང་སྐྱོན་མེད། རྒྱུ་མཚན་ནི་ལུས་རྩལ་བློ་འབྱེད་འཆར་གཞི་ལག་བསྟར་བྱ་ཡུལ་གྱི་འཛུལ་སྒོར་ཨ་ཀེན་ཐིན་གྱི་རྒྱལ་ཡོངས་གང་སར་ཞུགས་ཆོག་པའི་ས་ཆའི་མིང་བྲིས་ཡོད། གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་བློ་འབྱེད་རྣམ་གྲངས་ནི་འགོ་འཛུགས་པ་ཙམ་ཡིན།
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་འབྱོར་པའི་གློག་འཕྲིན།