འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་15ཉིན།

༄༅།།གོ་ལའི་ཡང་རྩེ་ནས་གོ་ལའི་ལྷོ་རྒྱུད་དུ་བསྐྱོད་པ། 

—— བོད་རིགས་བུ་མོ་ཤེས་རབ་མཚོ་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ནང་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་15ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཟླ་10ཚེས་12ཉིན་སླར་ཡང་ཆར་པ་བབས་མོད། གནམ་གཤིས་དེ་འདྲ་ལུས་རྩལ་པ་ཚོའི་ངོས་ནས་བརྗོད་ན་རང་ཉིད་ཀྱི་རྩལ་ཡོད་ཚད་འདོན་རྒྱུར་ཕན་ཐོགས་ཆེ། བུ་མོ་ཤེས་རབ་མཚོས་དབུགས་ཐེངས་གཅིག་ལ་མདུན་ཕྱོགས་སུ་རྒྱུག་ཚར་རྗེས་ས་གནས་ས་ཐོག་ཏུ་ཡོད་པའི་འགྲེལ་བཤད་པས་ཚང་མས་ཁོང་ལ་དགའ་བསུ་ཞུ་རོགས་ཞེས་བཤད། མཆོང་རྒྱུག་འཕེན་གསུམ་གྱི་རྒྱུག་རའི་ཉིན་གཉིས་པའི་འགྲན་བསྡུར་ནི་བུད་མེད་ཀྱི་སྨི་5000གི་འདུར་འགྲོས་འགྲན་བསྡུར་ཡིན་པ་དང་ལྟད་མོ་བ་རྣམས་རེ་སྒུག་བྱེད་བཞིན་མཆིས།
         མེ་མདའི་སྒྲ“ཏཱ”ཞེས་གྲགས་མ་ཐག་ཤེས་རབ་མཚོ་ཨང་དང་པོར་ཤོར་བ་དང་སྐོར་ར་གཉིས་པར་སླེབས་སྐབས་ད་དུང་ཨང་དང་པོ་རེད། སྐོར་ར་གསུམ་པའི་སྐབས་རུ་མི་གཞན་ཁོང་གི་རྗེས་སུ་ཉེ་བར་བཅར་ནས་སྐོར་ར་བཞི་པར་བྷེ་ཨུ་རུ་སུའི་བདམས་ཐོན་པ་ཞིག་སྐབས་ཤིག་རིང་མདུན་ལ་ཤོར། དེར་ཡོད་མི་རྣམས་དངངས་འཚབ་ལངས་ནས་ཤེས་རབ་མཚོ་ཐོག་མར་རྒྱུག་ཤར་གློད་དྲགས་ནས་ཤུགས་ཟད་མེད་དམ་སྙམ་པའི་དུས་དེར། ཁོང་གིས་ཤེད་ཤུགས་གང་ཡོད་བཏོན་ནས་རྒྱུག་པས་སྔོན་ལ་སླེབས་པ་དང་རྗེས་ཀྱི་སྐོར་རའི་ནང་རུ་མི་གཞན་རྣམས་རྗེས་སུ་ལུས་ནས་མཐར་སྐར་ཆ་5ལྷག་ཙམ་གྱི་ལེགས་ཆའི་ཐོག་ནས་མཐའ་ཐིག་ལ་སྔོན་ལ་སླེབས།
           དེ་གོང་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་དཔོན་རིགས་ཚོས་ཤེས་རབ་མཚོར་ནུས་པ་ཆེན་པོ་འདུག་ཅེས་བཤད། འོན་ཀྱང་རང་ཉིད་ཀྱིས་དེའི་གོ་དོན་གསལ་པོ་མི་རྟོགས་ཤིང་། འགྲན་བསྡུར་ཚར་རྗེས། ཤེས་རབ་མཚོས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“སྐོར་ར་དང་པོ་དང་གཉིས་པར་བདམས་ཐོན་པ་གཞན་ཚོའི་ནུས་པ་གང་འདྲ་ཡོད་མེད་བལྟས་ནས་རྒྱུག་པ་ཡིན། གང་ཡིན་ཞེ་ན། ཁོང་ཚོའི་ཐོ་འགོད་གྲུབ་འབྲས་ནི་ཡག་པོ་ཤ་སྟག་རེད་འདུག ཐོག་མར་ངས་སྔོན་ལ་རྒྱུག་ནས་བར་ཐག་ཆེ་རུ་གཏོང་རྩིས་བྱས་ཀྱང་། འོན་ཏེ་ཁོང་ཚོས་མགྱོགས་མྱུར་ངའི་རྗེས་སུ་བཅར་བ་དང་། ཡང་ངས་མགྱོགས་སུ་གཏོང་སྐབས། ཡང་ཁོང་ཚོས་ངའི་རྗེས་ཟིན་པར་ཡོང་གི་འདུག སྐོར་ར་བཞི་པར་ངས་དེ་ལས་མགྱོགས་ཙམ་རྒྱུག་ན་ཁོང་ཚོས་རྗེས་ཟིན་གྱི་མ་རེད་སྙམ་ནས་ལྷད་མེད་རྒྱུག་པས་ཁོང་ཚོ་ངའི་རྗེས་སུ་ལུས་སོང”ཞེས་བཤད།
         འདུར་འགྲོས་འགྲན་བསྡུར་ནང་དོ་སྣང་ཆེ་ཤོས་བྱེད་དགོས་པ་ནི་སྒྲིག་འགལ་རེད། ཤེས་རབ་མཚོར་ཡང་སྒྲིག་འགལ་གྱི་སྤ་སེ་གཉིས་རག་ཡོད། འགྲན་བསྡུར་སྐོར་ར་12དང་ཕྱེད་ཀ་རྒྱག་དགོས་པས་འཚབ་འཚུབ་མི་བྱེད་པར་སེམས་རྣལ་དུ་ཕབ་ནས་འགྲན་བསྡུར་ནང་ཞུགས་རྒྱུ་དེ་ནི་ཁོང་གི་ངོས་ནས་བརྗོད་ན་ཡིད་གཟབ་བྱེད་དགོས་པའི་དོན་ཆེན་ཞིག་རེད། ཁོང་གིས“བརྙན་ལམ་ནང་ནས་བདམས་ཐོན་པ་གཞན་ངའི་མཇུག་ཏུ་ལུས་པ་མཐོང་སྐབས། ངས་བློ་རྩ་བརྟན་པོས་རྣམ་ཀུན་ལྟར་རྒྱུག་ནས་མྱུར་ཚད་མགྱོགས་སུ་བཏང་མེད”ཅེས་བཤད།
         ཤེས་རབ་མཚོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་ཐར་ཤུལ་ཤང་དུ་སྐྱེས་པ་དང་། ལོ་གཉིས་ཀྱི་གོང་དུ་གཟུགས་པོའི་ཆ་རྐྱེན་ལེགས་པས་ཧྲའན་ཤིས་ཝེ་ནན་ལུས་རྩལ་རུ་ཁག་གིས་བསྡུས་ནས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པར་ཆེད་མངགས་གསོ་སྦྱོང་བྱས། ཁོང་གིས་གསར་འགོད་པར“ཐོག་མར་རྒྱུག་ཤར་གློད་སྟངས་སྦྱངས་པ་ཡིན། དེ་ནས་ཟླ་གསུམ་སོང་རྗེས་འདུར་འགྲོས་རྒྱུག་སྟངས་སྦྱངས་པ་ཡིན། གཞན་ལས་མགྱོགས་པ་ཡོད་པས་རྦད་དེ་སྦྱངས་ནས་བསྡད་པ་ཡིན”ཞེས་བཤད།
          བབ་ཆགས་པའི་བུ་མོ་ཆུང་ཆུང་དེས་ཆུ་ཚོད་30ཙམ་གྱི་ལམ་ཐག་བརྒྱུད་ནས་ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུགས་པ་དང་། ཧྲའན་ཤིས་ནི་ས་ཐག་རིང་ཤོས་ཀྱི་གནས་རེད་སྙམ་གྱི་ཡོད། ཁོང་གིས“དེ་གར་འགྲན་བསྡུར་བྱེད་སྐབས། ཧྲའན་ཤིས་ལས་ཨ་ཀེན་ཐིན་ཐག་རིང་བ་ཡོད་པ་ཤེས་པ་དང་། རང་ཉིད་འཛམ་གླིང་ཕྱེད་ཀར་སླེབས་ཟིན་པ་ཚོར་བྱུང”ཞེས་བཤད།
          གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་འདུར་འགྲོས་འགྲན་བསྡུར་དེ་ཐེངས་གཉིས་སུ་ཕྱེ་ཡོད། ཚེས་16ཉིན་གྱི་ཕྱི་དྲོ། འགྲན་བསྡུར་ཐེངས་གཉིས་པ་བྱེད་འགོ་ཚུགས། ཐེངས་དང་པོ་དང་གཉིས་པའི་བསྡོམས་གྲངས་དེ་སྤྱིའི་གྲུབ་འབྲས་རེད། ཤེས་རབ་མཚོས་དེ་རིང་གི་གནམ་གཤིས་བསིལ་པོ་དེར་ཧ་ཅང་དགའ་པོ་བྱེད་པ་དང་། ཐེངས་གཉིས་པའི་འགྲན་བསྡུར་ནང་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་ཚེ། རྩལ་ཁྲིད་པས་ཀྱང་གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ནས་ཁོང་དང་མཉམ་དུ་རྒྱུག་ཤར་ཇི་ལྟར་གློད་དགོས་མིན་ཐད་ཞིབ་འཇུག་བྱེད་སྲིད།
         ཤེས་རབ་མཚོས“གནམ་གཤིས་བསིལ་དུ་ཕྱིན་ན་ཕན་ཐོགས་ཡོད། དེ་རིང་གནམ་གཤིས་ཡག་པོ་ཡོད་ཙང་དཀའ་ལས་མ་བྱུང་ལ། ངའི་རྣམ་ཀུན་གྱི་ཆུ་ཚད་བཏོན་དགོས་མ་བྱུང་། གལ་ཏེ་གནམ་གཤིས་ཚ་རུ་ཕྱིན་ན། ད་ལྟ་ནང་བཞིན་རྒྱུག་ཐུབ་ཀྱི་མ་རེད། འོན་ཀྱང་ངའི་མཐའ་མའི་དམིགས་ཡུལ་ནི་གསེར་གྱི་རྟགས་མ་ལེན་རྒྱུ་དེ་ཡིན”ཞེས་བཤད།
          ཤེས་རབ་མཚོ་ཆེད་ལས་སྦྱོང་བརྡར་བྱས་ནས་ལོ་གཉིས་སོང་ཡང་། རྒྱལ་སྤྱིའི་འགྲན་བསྡུར་ཆེ་མོའི་ནང་ཞུགས་པའི་ཉམས་མྱོང་དེ་ཙམ་མེད་མོད། འོན་ཀྱང་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་སྐབས་རུ་མི་གཞན་དང་ཧ་ཅང་འཆམ་པོ་ཡོད། སྦྱོང་བརྡར་བྱེད་སྐབས་གཤིབ་མྱོང་བའི་མོ་ཞི་ཁོའོ་ཡི་ལུས་རྩལ་པས་འགྲན་བསྡུར་ཚར་རྗེས་རང་འགུལ་ངང་རང་ཉིད་ལ་བཀྲ་ཤིས་བདེ་ལེགས་ཞུ་སྐབས་སེམས་ལ་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་ངམ་ངམ་དུ་སྦྱིན།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའོ་ཡན་དང་ཀྲེན་ཀྲེ