འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་14ཉིན།

༄༅།།མཚོ་སྔོན་གྱིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བསྐྲུན་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཤམ་དུ་ཕྱོགས་རྒྱུར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་14ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བསྐྲུན་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཤམ་དུ་ཕྱོགས་པ་དང་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བས་ཐོན་ཁུངས་གཤམ་དུ་ཕྱོགས་པ་དང་ནད་པར་སྨན་བཅོས་ཐུབ་པའི་དམིགས་ཚད་མངོན་འགྱུར་རགས་ཙམ་བྱུང་བ་རེད།
        མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཤིས་ཀོན་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་ཁོངས་གཏོགས་ཁུལ་གྱི་གྲོང་མི་ཁྲི་6གི་རྨང་གཞིའི་སྨན་བཅོས་ཞབས་ཞུའི་ལས་དོན་གྱི་འགན་ཁུར་ཏེ། འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དེ་དང་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་ཁོངས་གཏོགས་སྨན་ཁང་དབར་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་འབྲེལ་བ་བཙུགས་པ་རེད།
        སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཤམ་དུ་ཕྱོགས་རྒྱུར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བཀའ་མ་ལོག་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་པཱ་ཀྲོའུ་ལྟེ་བའི་འཕྲོད་བསྟེན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པས“སྨན་བཅོས་མཉམ་འབྲེལ་སྒྲིག་གཞི”བཙུགས་པ་དང་། བཀའ་མ་ལོག་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་དང“སྨན་བཅོས་གཅིག་མཐུན་འདུས་གྲུབ”བཙུགས་པ་རེད། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པས་སྨན་པ་མང་དག་གཅིག་གཟའ་འཁོར་རེར་དུས་ངེས་གཏན་ངང་སྨན་བཅོས་དང་སློབ་ཁྲིད་བྱེད་པར་གཏོང་བ་དང་། བཀའ་མ་ལོག་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་གཟའ་འཁོར་རེར་སྨན་པ་གཅིག་དང་སྨན་གཡོག་གཅིག་པཱ་ཀྲོའུ་ལྟེ་བའི་འཕྲོད་བསྟེན་ཁང་དུ་ནད་ཁང་ཞིབ་བཤེར་དང་་ནད་དཔྱད་བྱེད་པར་གཏོང་གི་ཡོད། སྨན་ཁང་དེ་གཉིས་ཀྱིས་ད་དུང་པཱ་ཀྲོའུ་ལྟེ་བའི་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣར་རིན་མེད་ཟབ་སྦྱོང་མཁོ་འདོན་བྱེད་ཀྱི་ཡོད།
        བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོར་གཞི་རིམ་ནས་གོང་རིམ་སྨན་ཁང་དུ་སྐྱེལ་བའི་ནད་པ་89753ཟིན་པ་དང་། གོང་རིམ་སྨན་ཁང་ནས་གཞི་རིམ་དུ་བདེ་ཐང་སླར་གསོ་དང་སྨན་བཅོས་སོགས་བྱེད་པར་སྐྱེལ་བའི་ནད་པ་20801ཟིན་ནས་གཞི་རིམ་དུ་སྨན་བཅོས་བྱེད་པར་གཏོང་བའི་འཕེལ་ཕྱོགས་མངོན་ཏེ། ཞིང་ཆེན་དེ་ཡོངས་ཀྱི་རྫོང་ཁོངས་སུ་སྨན་བཅོས་ཐུབ་ཚད་92.48%ཟིན་པ་རེད།