འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་14ཉིན།

༄༅།།ཨན་ཀོ་ལའི“མ་ཡུམ་ཆུ་བོ”རྒྱུད་ཀྱི་ཀྲུང་གོའི་འཛུགས་སྐྲུན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་14ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
            ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུ་ཨན་ཏ་ནས་གློག་འཕྲིན་འབྱོར་གསལ། “ཐྲག ཐྲག ཐྲག”ཞེས་ཀྲང་ཡུང་ཝུན་གྱིས་གཡང་གཟར་བྲག་ངོས་ཀྱི་རྡོ་ཧྲུག་རྣམས་དབྱུག་བཞིན་ཡོད་པ་དང་ཨན་ཀོ་ལ་བའི“མ་ཡུམ་ཆུ་བོ”སྟེ་ཁོན་ཀྲ་ཆུ་བོ་དེ་ཁོང་གི་རྐང་འོག་ནས་ལྷུང་ལྷུང་དུ་རྒྱུག་བཞིན་འདུག
            ལོ་43ལ་སླེབས་པའི་ཀྲང་ཡུང་ཝུན་ནི་ཀེ་ཀྲོའུ་ཆུ་རགས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་ཨན་ཀོ་ལའི་ཁ་ཁུའུ་ལུའོ་གཱ་པ་ས་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་པུའི་ལས་མི་ཕལ་བ་ཞིག་ཡིན་པ་དང་། ཁ་ཁུའུ་ལུའོ་གཱ་པ་ས་ཆུ་ཤུགས་གློག་ཁང་དེ་ཁོན་ཀྲ་ཆུ་བོའི་འགྲམ་དུ་གནས་ཡོད། ཨར་སྐྲུན་བྱེད་རིང་། ཀྲང་ཡུང་ཝུན་གྱི་ལས་འགན་ནི་བྲག་ངོས་འབར་གཏོར་བྱས་རྗེས་བྲག་ངོས་ཀྱི་རྡོ་ཧྲུག་རྣམས་ཤུགས་ཆེན་པོས་དབྱུག་རྒྱུ་དེ་རེད། “རྡོ་ཧྲུག་ཚང་མ་དབྱུགས་ན་ཨར་སྐྲུན་ལ་གཞི་ནས་བདེ་འཇགས་ཡོང་ཐུབ”
         “ལས་ཀ་འདི་བལྟས་ན་ལས་སླ་པོ་ཡིན་ནའང་ཉམས་མྱོང་ཕུན་སུམ་ཚོགས་པོར་བརྟེན་ནས་བརྡར་ཤ་གཅོད་དགོས”ཞེས་ཀྲང་ཡུང་ཝུན་གྱིས་བཤད།
            ཀན་སུའུ་ཅིན་ཁྲང་ནས་ཡིན་པའི་ཀྲང་ཡུང་ཝུན་རྣམ་གྲངས་པུའུ་ལ་ཡོང་ནས་ལས་ཀ་ལོ་1ལྷག་བྱས་པ་དང་། དུས་ཡུན་རིང་པོར་ཕྱི་རོལ་དུ་ལས་ཀ་སྒྲུབ་པར་འགྲོ་དགོས་སྟབས་གདོང་པ་ནག་པོར་གྱུར་འདུག ལས་ཡུལ་དུ་ཁོང་གིས་ཕོར་ཐིའུ་ཀལ་གྱི་སྐད་ཕྲན་བུ་ཤེས་པར་བརྟེན་ནས་ཡུལ་དེ་གའི་མི་རྣམས་དང་ཁ་བརྡ་གློད་ཀྱི་ཡོད་པ་རེད།
          “ང་དང་ཨན་ཀོ་ལའི་ལས་མི་རྣམས་ཆ་རྒྱུས་མེད་པ་ནས་རྒྱུས་ཡོད་དུ་གྱུར་ནས་གྲོགས་པོ་ཆགས་སོང”ཞེས་ཁོང་གིས་བཤད།
           ཁ་ཁུའུ་ལུའོ་གཱ་པ་ས་ཆུ་ཤུགས་གློག་ཁང་རྣམ་གྲངས་དེར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་217.2ཟིན་རྒྱུ་འཆར་འགོད་བྱས་པ་དང་། ན་ནིང་གི་ཟླ་8པར་ཨར་སྐྲུན་འགོ་ཚུགས་ཏེ་དུས་ཡུན་ཟླ་80ཡི་ནང་བསྐྲུན་ཚར་རྒྱུའི་འཆར་གཞི་ཡོད་ཅིང་། དེས་ཡུལ་དེ་གར་ལས་གནས་ཁྲི་ཙམ་མཁོ་འདོན་བྱ་རྒྱུ་ཡིན་ལ་བསྐྲུན་རྗེས་སྔོན་དཔག་ལྟར་ན་ཨན་ཀོ་ལའི་40%ཡན་གྱི་གློག་འདོན་དགོས་མཁོ་སྐོང་ཐུབ་ནས་ཡུལ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ཆུ་ཤུགས་གློག་ཁང་བསྐྲུན་རྗེས་ཀེ་ཀྲོའུ་ཆུ་རགས་ཚོགས་པས་ད་དུང་གློག་ཁང་གི་ལོ་4རིང་གི་འཁོར་རྒྱུག་དང་སྲུང་སྐྱོང་འགན་འཁུར་རྒྱུ་མ་ཟད། ཨན་ཀོ་ལར་ཆེད་ལས་ཀྱི་གློག་ཁང་གཉེར་སྐྱོང་དོ་དམ་དང་ལག་རྩལ་ཤེས་ལྡན་པ་ཁག་གཅིག་ཀྱང་གསོ་སྦྱོང་བྱ་རྒྱུ་རེད།
          ཨན་ཀོ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཚུའེ་ཨའེ་མིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨན་ཀོ་ལ་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། ཨན་ཀོ་ལ་ནི་ཨ་ཧྥེ་རི་ཁར་ཀྲུང་གོའི་མ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་མཉམ་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ་རྣམ་གྲངས་དག་རྨང་གཞིའི་སྒྲིག་བཀོད་ཀྱི་ཁྱབ་ཁོངས་ཁག་ལ་ཁྱབ་ཡོད་ཅེས་བཤད།
          ལས་ཡུལ་དུ་སྐྱོད་སྐབས་ལས་སྒྲུབ་རུ་ཁག་གི་རུ་དཔོན་ཡིན་པའི་དབྱང་ཧྥེ་ཕིང་ལ་ཁོན་ཀྲ་ཆུ་བོའི་མཛེས་ལྗོངས་ཉམས་སུ་མྱོང་ཁོམ་མེད། ཁོང་གིས་ཨར་སྐྲུན་ཁུལ་གྱི་ཕྱོགས་གང་སར་ལྟ་ཞིབ་བྱས་ནས་ནོར་འཛོལ་ཕྲན་ཙམ་ཡང་མི་ཐོན་པ་བྱེད་ཀྱི་ཡོད་པ་རེད།
          “ང་ཚོས་འགན་འཁུར་བ་ནི་ཆུ་ཤུགས་གློག་ཁང་གི་ཆུ་སྦུག་གི་ཆུ་དོན་ལམ་གྱི་ལས་གྲྭ་ཡིན་ལ་ཆུ་ཤུགས་གློག་ཁང་གཉེར་སྐྱོང་གི་འགག་རྩའི་ལྷུ་ཚིགས་ལ་འགན་ལེན་བྱེད་པ་ཞིག་ཡིན་པས་སྣང་ཆུང་གཏན་ནས་བྱེད་མི་རུང”ཞེས་ཁོང་གིས་བཤད།
            ལོ་འཁོར་མོར་ཕྱི་རོལ་ཏུ་ལས་གྲྭའི་དོན་ལ་འབད་པའི་དབྱང་ཧྥེ་ཕིང་ནི་ཧྥུའུ་ཅན་གྱི་ནང་མི་དང་འཛོམས་ཐེངས་ཉུང་ཉུང་ཡིན། ཁོང་གིས“ངའི་ད་ལྟའི་རེ་བ་ནི་ལས་ཀ་ཡག་པོ་བྱས་ནས་ལས་གྲྭའི་སྤུས་ཚད་ལ་འགན་ལེན་བྱེད་པ་དང་ཆུ་ཤུགས་གློག་ཁང་འདི་བསྐྲུན་ཆེད་འབད་བརྩོན་ཡོད་རྒུ་བྱ་རྒྱུ་དེ་ཡིན”ཞེས་བཤད།