འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་13ཉིན།

༄༅།།ཀན་སུའུ་ཡིས་འདི་ལོར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མ་དངུལ་སྒོར་དུང་ཕྱུར་194བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་13ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་ཤར་ཚུན་ཀན་སུའུ་ཡིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་དམ་པོར་དམིགས་པ་དང་། མདོ་ལ་རིང་མོའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་དོན་འཁྱོལ་སོགས་ཀྱི་དམིགས་ཚད་ལས་འགན་ལ་དམིགས་ནས་ད་བར་རྒྱལ་ཁབ་དང་ཞིང་ཆེན་རིམ་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མ་དངུལ་སྒོར་དུང་ཕྱུར་194བཏང་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སྒོར་དུང་ཕྱུར་194བཏང་བ་དག་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་གཞན་སྒྱུར་ལ་མ་དངུལ་སྒོར་དུང་ཕྱུར་57.47བཏང་བ་དང་། ཀན་སུའུ་ཡི་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་15བཏང་བ། ཁོར་ཡུག་སྲུང་སྐྱོང་དང་བཅོས་སྒྲིག་ལ་མ་དངུལ་སྒོར་དུང་ཕྱུར་8.49བཏང་བ། སྣོད་བཅུད་སྲུང་སྐྱོང་དང་སླར་གསོར་མ་དངུལ་སྒོར་དུང་ཕྱུར་78.7དང་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར་34.4བཏང་ཡོད་པ་རེད།
          དེའི་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་སྲུང་སྐྱོང་བྱེད་ནུས་ཁུལ་གཞན་སྒྱུར་ལ་བཏང་བའི་མ་དངུལ་གྱི་སྤྱི་འབོར་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་གི་ཨང་དང་པོར་སླེབས་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་5.77མང་དུ་སོང་ནས་ཀན་སུའུ་ཡི་གྲོང་ཁྱེར་དང་རྫོང་ཁག་གི་སྣོད་བཅུད་ནགས་ཚལ་སྐྲུན་པ་དང་། ཆུ་འགོ་གསོ་བ། བྱེ་འགོག་བྱེ་བཅོས། གྲོང་ཁྱེར་དང་གྲོང་རྡལ་སྔོ་འགྱུར་སོགས་ལ་གཏོང་ཆ་མི་འདང་བའི་གནད་དོན་ནུས་ལྡན་ངང་བསལ་ཡོད་པ་རེད།
         ནོར་སྲིད་ནས་མ་དངུལ་བཏང་བ་དེས་མདོ་ལ་རིང་མོའི་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འཐེན་མགྱོགས་སུ་ཕྱིན་ཞིང་། འདི་ལོར་ཞིང་ཆེན་རིམ་པས་བཏང་བའི་སྒོར་དུང་ཕྱུར་15ཟིན་པའི་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་མ་དངུལ་ལས་སྒོར་དུང་ཕྱུར་10ཧེ་བག་ཡོད་པའི་བྱ་དགའ་དང་ཁ་གསབ་ཀྱི་རྣམ་པར་བརྟེན་ནས་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འཐེན་ལ་བཏང་ཡོད། ད་བར་དུ་མདོ་ལ་རིང་མོའི་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་144ནས་140ཕྱིར་འཐེན་བྱས་ཡོད། 
         སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་མ་དངུལ་གྱི་རྒྱབ་སྐྱོར་འོག ཀན་སུའུ་ཡི་ཆུ་ནག་རྒྱུག་ཁུལ་དང་དགོ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་རིག་གནས་ཡུལ་སྐོར་དང་། ཀྲུང་ལུགས་གསོ་རིག་དང་སྨན་རྫས། བགྲོད་ལམ་ཟོག་འདྲེན། གྲངས་གཞིའི་ཆ་འཕྲིན། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། རེས་སྐོར་ཞིང་ལས་སོགས་ལྗང་མདོག་སྣོད་བཅུད་ཐོན་ལས་གོང་འཕེལ་མྱུར་པོ་བྱུང་བ་དང་། གཙོ་བོ་ས་ཁོངས་དང་། ཆུ་བོ་རྒྱུག་ཁུལ་གཙོ་བོའི་སྦགས་བཙོག་འགོག་བཅོས་དང་སྣོད་བཅུད་ཁོར་ཡུག་གི་དྲ་རྒྱའི་ལྟ་ཞིབ་ཚད་ལེན་མ་ལག་གི་འཛུགས་སྐྲུན་མགྱོགས་སུ་ཕྱིན་པ་རེད།