མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་
གསུམ་པ་གཙོ་སྐྱོང་གནང་བ་དང་ཁྱོན་ཡོངས་ནས་ཁྲོན་བོད་ལྕགས་ལམ་གྱི་འཆར་འགོད་
དང་འཛུགས་སྐྲུན་འགོ་འཛུགས་དགོས་པ་ནན་བཤད་གནང་ཡོད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་11ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་དང་། རང་རྒྱལ་གྱི་རང་བྱུང་གནོད་འཚེ་འགོག་སྲུང་ནུས་པ་ཇེ་མཐོར་གཏོང་བ་དང་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་གྱི་གནད་དོན་ལ་ཞིབ་འཇུག་བྱས་པ་རེད། ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་ནན་བཤད་གནང་དོན། རང་བྱུང་གི་གནོད་འཚེ་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་ཅིང་། ཕན་ནུས་ཆེ་ཞིང་ཚན་རིག་དང་མཐུན་པའི་རང་བྱུང་གནོད་འཚེ་འགོག་སྲུང་མ་ལག་འཛུགས་སྐྲུན་བྱ་དགོས་པ་དང་།  སྤྱི་ཚོགས་ཡོངས་ཀྱི་རང་བྱུང་གནོད་འཚེ་འགོག་སྲུང་ནུས་པ་ཇེ་མཐོར་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པར་ནུས་ལྡན་གྱི་འགན་སྲུང་མཁོ་སྤྲོད་བྱ་དགོས། ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཡུན་རིང་བདེ་འགོད་དང་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པས། དོན་ཆེན་འདི་ངེས་པར་དུ་ལེགས་པོར་བསྒྲུབ་དགོས། 
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད། 
       ཚོགས་ཐོག་ནས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འཆར་འགོད་བྱེད་པ་ནི་མི་རིགས་མཐུན་སྒྲིལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། མཐའ་མཚམས་བརྟན་བརླིང་སྲ་བརྟན་ཡོང་བའི་དགོས་མཁོ་ཡིན་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་དགོས་མཁོ་དང་། ཏང་ཀྲུང་དབྱང་གི་བོད་སྐྱོང་ཇུས་ཆེན་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཡིན་པས། ཚན་རིག་དང་མཐུན་པའི་འཆར་འགོད་དང་ལག་རྩལ་གྱི་འདེགས་སྐྱོར། སྐྱེ་ཁམས་སྲུང་སྐྱོབ། བདེ་འཇགས་དང་རྒྱབ་བརྟེན་རུང་བའི་སྤྱིའི་རིག་ལམ་ཁོང་དུ་ལེགས་པོར་ཆུད་པ་བྱས་ཏེ། གཅིག་གྱུར་གྱི་འགོ་ཁྲིད་དང་ལས་གཞིའི་སྔོན་འགྲོའི་ལས་དོན། འཛུགས་སྐྲུན་དང་ལས་གཉེར་གྱི་མ་དངུལ་འགན་ལེན་བཅས་ལ་ཤུགས་སྣོན་རྒྱག་པ་དང་།  “ལམ་གཉིས”ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། ལས་འགོ་འཛུགས་ས་མཐོ་ཞིང་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ལས་གྲྭའི་འཆར་འགོད་དང་འཛུགས་སྐྲུན་སྐུལ་སྤེལ་གཏོང་དགོས་པ་ནན་བཤད་བྱས་ཡོད།