འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་11ཉིན།

༄༅།།འཁྲབ་གཞུང་སྒྲ་སྦྱོར་བའི་ལས་འགན་རགས་ཙམ་གླེང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་11ཉིན། 08:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          སྒྲ་སྦྱོར་ནི་གཟུགས་སུ་འགོད་པའི་སྒྱུ་རྩལ་ཞིག་དང་། སྐད་ཆར་བརྟེན་ནས་སྒྱུ་རྩལ་གྱི་གཟུགས་བརྙན་གསར་བཞེངས་བྱེད་པ་ཞིག་ཡིན་སྟབས་འཁྲབ་གཞུང་ནང་གི་མི་སྣ་དང་། གནས་ཚུལ། ཁོར་ཡུག་སོགས་ཕན་ཚུན་མཉམ་དུ་འབྲེལ་ནས་གཟུགས་བརྙན་གྱི་མ་ལག་ཧྲིལ་པོ་གྲུབ་ཡོད། དེར་བརྟེན་སྒྲ་སྦྱོར་བའི་ལྟེ་བའི་ལས་འགན་ནི་སྐད་ཀྱི་ལམ་ནས་གསོན་ཉམས་ལྡན་པའི་མི་སྣའི་གཟུགས་བརྙན་གསར་བཞེངས་བྱ་རྒྱུ་དེ་རེད། འོན་ཀྱང་སྒྱུ་རྩལ་གྱི་རྣམ་པ་གཞན་ལྟར་རང་ཉིད་ཀྱི་བསམ་པའི་བརྩེ་དུང་དང་ཚོར་སྣང་ལ་བརྟེན་ནས་གང་དྲན་དྲན་གྱི་གསར་རྩོམ་བྱེད་ཆོག་པ་ཞིག་མ་ཡིན་པར་ཚད་བཀག་ངེས་ཅན་ལྡན་ཡོད། དེ་ཡང་འཁྲབ་གཞུང་གི་མ་ཕྱིའི་ནང་འཁྲབ་གཞུང་གི་ནང་དོན་དང་མི་སྣ་མི་འདྲ་བའི་གཟུགས་བརྙན་རྣམས་གཏན་འཁེལ་ཟིན་སྟབས་སྒྲ་སྦྱོར་བས་སྐད་རིགས་གཞན་ཞིག་ལ་བརྟེན་ནས་རྗེས་ཟློས་དང་སོར་ཆུད་ཡོང་བར་བྱེད་དགོས་པ་ལས་རང་ངོས་ཀྱི་ཆགས་སྡང་རྩ་བ་ནས་འདྲེས་མི་རུང་། འོ་ན་གཟུགས་བརྙན་གསར་བཞེངས་ཇི་ལྟར་བྱ་དགོས་སམ་ཞེ་ན། འཁྲབ་གཞུང་སྒྲ་སྦྱོར་སྒྱུ་རྩལ་དེ་རྗེས་ཟློས་ཁོ་ན་དང་། འགྱུར་བ་སྤུ་ཙམ་མེད་པའི་སོར་ཆུད་ཡོང་ཐབས་ཤིག་མ་ཡིན་པར་སྒྲ་སྦྱོར་བས་སྐད་རིགས་གཞན་ཞིག་ལ་བརྟེན་ནས་འཁྲབ་གཞུང་ནང་གི་མི་སྣ་བསྐྱར་དུ་མཚོན་ཐུབ་པ་བྱས་ཏེ་གཟིགས་མོ་བའི་སྤྱན་ལམ་དུ་མི་སྣའི་གཟུགས་བརྙན་གསོན་ཉམས་ལྡན་པ་ཞིག་མངོན་ཐུབ་པ་དང་། མི་སྣ་དེའི་དགའ་སྐྱོ་ཆགས་སྡང་མྱོང་ཚོར་ཐུབ་པ་ཞིག་བྱེད་དགོས་ཀྱི་ཡོད། ལྷག་པར་དུ་སྒྲ་སྦྱོར་བ་ཕུལ་བྱུང་ཞིག་ཡིན་ན་འཁྲབ་སྟོན་པའི་ཞན་ཆ་རྣམས་སྐད་ཀྱི་ལམ་ནས་འོས་འཚམ་གསབ་སྟེ་དེ་བས་གསོན་ཉམས་ལྡན་པ་དང་ཡིད་དབང་འཕྲོག་པ་ཞིག་ཡོང་གི་ཡོད་སྟབས་གསར་རྩོམ་སྒྱུ་རྩལ་ཞིག་རེད་ཅེས་བརྗོད་ན་འགལ་བ་སྤུ་ཙམ་མེད། དེར་བརྟེན་གཟུགས་བརྙན་གསར་བཞེངས་ལ་དམིགས་ནས་སྒྲ་སྦྱོར་བ་རྣམས་ཀྱིས་གཤམ་གསལ་གྱི་ལས་འགན་རྣམས་ཁོང་དུ་ཆུད་པར་བྱེད་དགོས།
        དང་པོ། འཁྲབ་གཞུང་གི་སྤྱི་ཁོག་ཁོང་དུ་ཆུད་པར་བྱེད་དགོས།
        འཁྲབ་གཞུང་གང་འདྲ་ཞིག་ཡིན་རུང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་བརྒྱུད་རིམ། བསྟན་དོན་སོགས་ངེས་ཅན་ཞིག་ལྡན་ཡོད་པར་བརྟེན། དེའི་བརྗོད་དོན་གསལ་རྟོགས་དང་བརྒྱུད་རིམ་ཁ་གསལ། བྱ་བའི་འབྱུང་རྐྱེན་དང་འཕེལ་རིམ་མཐའ་འབྲས་བཅས་ལ་རྒྱུས་མངའ་མཐིལ་ཕྱིན་པ་ལོན་རྒྱུ་ནི་སྒྲ་སྦྱོར་ལས་དོན་གྱི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་རེད། གང་ལགས་ཤེ་ན་འཁྲབ་གཞུང་གི་སྤྱི་ཁོག་རགས་རིམ་ཙམ་ཞིག་ཁོང་དུ་མ་ཆུད་ན་བརྒྱུད་རིམ་གསལ་རྟོགས་མི་ཐུབ་པ་དང་། བརྒྱུད་རིམ་གསལ་རྟོགས་མ་ཐུབ་ན་བརྗོད་དོན་སྔ་ཕྱི་འབྲེལ་མ་ཐུབ་པ་མ་ཟད། ལེའུ་སྔ་ཕྱིའི་བར་གྱི་གཏམ་གླེང་ཡ་བྲལ་དུ་སོང་ནས་གནས་སྐབས་དེར་མི་སྣ་དེས་སྐད་ཆ་དེ་འདྲ་ཞིག་བརྗོད་དགོས་པའི་རྒྱུ་རྐྱེན་རྟོགས་ཐབས་མེད་སྟབས་ཚིག་རོ་སྐམ་པོ་ཙམ་གྱི་རྗེས་ཟློས་ལས་གསོན་ཉམས་ལྡན་པ་ཞིག་ཡོང་ཐབས་མེད། དེར་བརྟེན་འཁྲབ་གཞུང་གི་སྤྱི་ཁོག་ཁོང་དུ་ཆུད་རྒྱུ་ནི་དེ་ཆ་རྒྱུས་མེད་པའི་ཡུལ་ཞིག་ལ་འགྲོ་དགོས་པའི་ཚེ་སྔོན་ལ་ཡུལ་དེའི་ས་ཁམས་ཆགས་ཚུལ་དང་། ལམ་ཐག་རིང་ཐུང་སོགས་ཁོང་དུ་ཆུད་པའི་རྗེས་གཞི་ནས་བསྐྱོད་ན་འཇིགས་པ་མེད་པར་བདེ་བླག་ངང་བགྲོད་ཐུབ་པ་དང་ཀུན་ནས་མཚུངས་པས་ངེས་པར་དུ་གཙིགས་སུ་འཛིན་དགོས།
          གཉིས་པ། མི་སྣའི་གཤིས་སྤྱོད་དང་སེམས་ཁམས་ཁོང་དུ་ཆུད་པར་བྱེད་དགོས།
          དེ་ཡང་མི་སྣ་མི་འདྲ་བའི་སྤྱི་ཚོགས་ཀྱི་གནས་བབ་དང་། བསམ་བློའི་འཁྱེར་སོ། འཇིག་རྟེན་གྱི་ལྟ་ཚུལ། རང་གཤིས་དང་སྤྱོད་ཚུལ། ཐ་ན་རྐང་ལག་གི་ཕྱག་རྒྱ་དང་ངོ་གདོང་གི་རྣམ་འགྱུར་སོགས་ཉམས་ཞིབ་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་རྒྱུ་མེད། གང་ལགས་ཤེ་ན་མི་སྣའི་གཤིས་སྤྱོད་དང་སེམས་ཁམས། སྤྱི་ཚོགས་ཀྱི་གནས་བབ་སོགས་མི་སྣ་དེའི་སྐད་ཆའི་ཁྱད་ཆོས་ལ་བརྟེན་ནས་མངོན་གྱི་ཡོད་སྟབས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་ངོས་འཛིན་ཁ་གསལ་མ་བྱུང་ན་སྒྲ་སྦྱོར་བའི་དུས་སུ་མི་སྣའི་གཤིས་སྤྱོད་འབུར་དུ་ཐོན་རྒྱུ་ལྟ་ཅི། ཐ་ན་གཏམ་སྤྱོད་གཉིས་ཆ་མི་མཚུངས་པར་ཐམས་ཅད་རོ་གཅིག་ཏུ་སོང་བ་ལྟ་བུར་འགྱུར་ཉེན་ཡོད། དེར་བརྟེན་མི་སྣའི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་འགྱུར་བ་ཕྲ་མོ་ཙམ་ཡང་སྣང་མེད་དུ་མི་འཇོག་པར་ཞིབ་ཏུ་བརྟག་ཅིང་། ངོས་འཛིན་ཡང་དག་བྱས་ན་སྒྲ་སྦྱོར་གྱི་དངོས་གཞིའི་ལས་ལ་འཇུག་སྐབས་མི་སྣ་དེ་དག་གི་གཟུགས་བརྙན་དང་། གཤིས་སྤྱོད་སོགས་ཁྲ་ལྷམ་མེར་མིག་གི་མདུན་དུ་འཆར་ཐུབ་པ་མ་ཟད། སྒྲ་སྦྱོར་བ་རང་ཉིད་ཀྱི་བསམ་པའི་བརྩེ་དུང་དང་། འཁྲབ་གཞུང་ནང་གི་མི་སྣའི་ལས་དབང་གཅིག་ཏུ་འབྲེལ་ཐུབ་ཅིང་། མི་སྣ་དེའི་གཤིས་སྤྱོད་དང་འཚམ་པའི་སྐད་ཀྱི་སྦྱོར་བ་ངམ་ངམ་ཤུགས་ཤུགས་ཀྱི་ཐོན་ཐུབ་པ་དང་། རྒྱུ་དེར་བརྟེན་ནས་གསོན་ཉམས་ལྡན་པའི་མི་སྣའི་གཟུགས་བརྙན་ཞིག་གསར་བཞེངས་ཐུབ་ངེས་རེད།
           གསུམ་པ། མི་སྣའི་སྐད་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་དགོས།
           སྐད་ཀྱི་ཁྱད་ཆོས་ནི་སྐད་ཀྱི་སྒྲ་གདངས་མཐོ་དམན་དང་། སྐད་ཤུགས་ཆེ་ཆུང་། སྒྲ་མདངས་རིང་ཐུང་། ངག་ནས་ཐོན་པའི་མྱུར་ཚད། གཏམ་གྱི་ཉམས་འགྱུར་བཅས་ལ་གོ་ཆོག དེ་ཡང་འཚོ་བའི་ཁྲོད་ཉམས་མྱོང་ཕུན་སུམ་ཚོགས་པའི་རྒན་པོའི་གཏམ་དང་རྒྱན་གྱིས་ཕྱུག་པའི་གཏན་ཚིགས་རིག་པ་སྨྲ་བའི་གཏམ། དེང་རབས་དར་སོ་ཆེ་བའི་བློ་གསར་གཞོན་ནུའི་གཏམ་སོགས་སྤྱི་ཚོགས་ཀྱི་གནས་བབ་མི་འདྲ་བའི་མི་སྣ་སོ་སོའི་གཏམ་གླེང་ལ་དབྱེ་ཞིབ་བྱས་ཚེ། རང་རང་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་རེ་ཡོད་ཅིང་། ཁྱད་ཆོས་དེ་ལ་བརྟེན་ནས་མི་སྣ་སོ་སོའི་གཟུགས་བརྙན་མི་འདྲ་བ་སྣ་ཚོགས་མངོན་གྱི་ཡོད།
           དེར་བརྟེན་སྒྲ་སྦྱོར་བ་ཞིག་ཡིན་ཕྱིན་སྐྱེ་བོ་སྣ་ཚོགས་ཀྱི་གཏམ་གླེང་གི་ཁྱད་ཆོས་ལ་རྒྱུས་མངའ་གང་ལེགས་དགོས་པ་མ་ཟད། ཁྱད་ཆོས་དེ་དག་འཁྲབ་གཞུང་ནང་གི་མི་སྣ་དང་ཟུང་འབྲེལ་བྱས་ཏེ་སྒྲ་སྦྱོར་གནང་ན་མི་སྣ་མི་འདྲ་བའི་ཁྱད་ཆོས་འབུར་དུ་ཐོན་ཐུབ་པ་མ་ཟད། གཟུགས་བརྙན་གསོན་ཉམས་ལྡན་པ་ཞིག་སྐྲུན་མི་ཐུབ་པའི་ཐེ་ཚོམ་མེད།
          བཞི་པ། མི་སྣའི་ཁ་གདངས་འཛུམ་གྱི་འགྱུར་བ་ཁོང་དུ་ཆུད་པར་དགོས།
          སྒྲ་སྦྱོར་སྐབས་མི་སྣའི་ཁ་གདངས་པ་དང་། འཛུམ་པའི་བར་དུ་མཚམས་འཇོག་པ། གདངས་འཛུམ་གྱི་དུས་ཡུན་དབུགས་འབྱུང་རྔུབ་ཀྱི་རྣམ་པ་བཅས་ཁོང་དུ་ཆུད་པ་དང་གནད་ལ་འཁེལ་བ་ཞིག་མ་བྱུང་ན་སྒྲ་སྦྱོར་བའི་སྐད་དང་མི་སྣའི་བྱ་སྤྱོད་གཉིས་འབྲེལ་མེད་དོན་གཞན་ལྟ་བུར་སོང་ནས་གཟིགས་མོ་བའི་སྤྱན་ལམ་དུ་ཤིན་ཏུ་མི་མཛེས་པ་མ་ཟད། ཐ་ན་ནེ་ཙོའི་འདོན་པ་ལྟ་བུར་འགྱུར་ཉེན་ཡོད་སྟབས་བརྗོད་པའི་ཕྲེང་བ་གཅིག་གི་ནང་ཁ་གདངས་འཛུམ་ཇི་ཙམ་ཡོད་མེད་དང་། མཚམས་འཇོག་པའི་གནས་དང་དུས་ཀྱི་རིང་ཐུང་དེ་བཞིན་དབུགས་འབྱུང་རྔུབ་ཇི་ཙམ་ཡོད་མེད་བཅས་ཞིབ་བསྡུར་ཐེངས་གཅིག་བྱས་རྗེས་དེ་དང་འཚམ་པའི་བརྗོད་བྱེད་ཚིག་གི་བཅད་མཚམས་གཏན་འཁེལ་བྱེད་དགོས་ཤིང་། ཚིག་མང་དྲགས་པའམ་ཉུང་དྲགས་ན་སྣོན་འཕྲི་འོས་འཚམ་དགོས་པའི་ཁར། ཚིག་རོ་མ་ཐོན་པ་བྱེད་དགོས། དེ་ལྟར་བྱུང་ན་སྒྲ་སྦྱོར་བའི་རྗེས་ཤུལ་མེད་པར་མངོན་སུམ་གསོན་རྗེན་གྱི་མི་སྣ་ཞིག་བསྐྲུན་ཐུབ།
          ལྔ་པ། མི་སྣའི་རྣམ་འགྱུར་དང་ཕྱག་རྒྱ་ཁོང་དུ་ཆུད་པར་བྱེད་དགོས།
          མི་སྣའི་ཕྱིའི་རྣམ་འགྱུར་ནི་ནང་སེམས་ཁམས་ཀྱི་འགྱུར་བ་མཚོན་ཚུལ་ཞིག་ཡིན་སྟབས་རྣམ་འགྱུར་དྲག་ཤུལ་དང་ཞི་འཇམ་སོགས་དང་བསྟུན་ནས་སྒྲ་སྦྱོར་བའི་སྐབས་སུ་སྐད་ཀྱི་སྒྲ་གདངས་མཐོ་དམའ་དང་ཤུགས་ཆེ་ཆུང་སྒྲ་གདངས་རིང་ཐུང་སོགས་གང་ལ་དེ་འཚམ་སྦྱོར་དགོས་ཤིང་། ཐ་ན་ཕྱག་རྒྱ་ཙམ་ལ་ཡང་སྐད་ཀྱི་འགྱུར་བ་ཆེན་པོ་ཡོད་སྟབས་གནད་འགག་དེ་དག་ཁོང་དུ་ཆུད་པར་བྱས་ནས་གནད་ལ་འཁེལ་བའི་སྒོ་ནས་མཚོན་ཐུབ་ན་གཟིགས་མོ་བ་ཚོས་མིག་གིས་མཐོང་བའི་གཟུགས་དང་། རྣ་བས་ཐོས་པའི་སྒྲ་གཉིས་གཅིག་གྱུར་ཡོང་ཐུབ་པ་མ་ཟད། སྒྲ་སྦྱོར་བའི་སྐད་དང་མི་སྣའི་གཟུགས་བརྙན་གཉིས་པོ་ཆུ་དང་འོ་མ་འདྲེས་པ་ལྟར་གཞི་གཅིག་ཏུ་གྲུབ་ནས་མངོན་སུམ་དང་གསོན་ཉམས་ལྡན་པ་ཞིག་ཡོང་ཐུབ།
          མདོར་ན་ལས་འགན་ལྔ་པོ་དེ་སྒྲ་སྦྱོར་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། དངོས་གཞིའི་ལག་ལེན་གྱི་བརྒྱུད་རིམ་ཡང་ཡིན་པས་སྒྲ་སྦྱོར་བ་ཀུན་གྱིས་འཕྲལ་སེལ་སླ་བཅོས་སུ་མ་སོང་བར་ནན་ཏན་གྱིས་ཉམས་ཞིབ་གནང་ན་འབྲས་བཟང་སྨིན་ངེས་ཡིན། (བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སྒྲ་སྒྱུར་ཚན་པའི་སྐལ་བཟང་ཟླ་བ་ནས)