འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་9ཉིན།

༄༅།།གསར་བརྗེའི་དྲན་གསོའི་གནས་མཆོག་ཡུལ་སྐོར་གྱིས་རི་གྲོང་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་རོགས་ཕན་བྱུང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་09ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། སྟོན་དུས་སུ། ཀན་སུའུ་ཞིང་ཆེན་གྱི་འབྲི་ཆུ་རྒྱུག་ཁུལ་དུ་གནས་པའི་ཡན་ཁྲང་རྫོང་དུ་སྟོན་གྱི་བསིལ་རླུང་གང་སར་ལྡང་ལ་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པས་ཡུལ་སྐོར་བ་མང་པོ་ཞིག་དེ་གར་གཅིག་མཇུག་གཉིས་མཐུད་ངང་ཡུལ་སྐོར་བྱེད་པར་ཡོང་གི་ཡོད། ནམ་ལངས་མ་ཐག་གྲོང་མི་མིན་ཁྲུན་ཕིང་གིས་སྔ་ཙམ་ནས་ཁྲོམ་རར་གསོལ་ཆས་དང་ཤ་རིགས་དང་སྔོ་ཚལ་ཉོ་བར་བསྐྱོད་དེ་རང་གིས་གཉེར་སྐྱོང་བྱེད་པའི་ཞིང་དུད་སྤྲོ་སྐྱིད་ཁང་གི་གྲ་སྒྲིག་བྱེད་བཞིན་ཡོད།
        “རྒྱལ་སྟོན་རིང་། ང་ཚོས་ཉིན་རེར་ཆ་སྙོམས་གསོལ་ལྕོག་བཅོ་ལྔ་བཅུ་དྲུག་གི་སྐུ་མགྲོན་ལ་སྣེ་ལེན་ཞུས་པས་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་འདུག”ཅེས་མིན་ཁྲུན་ཕིང་གིས་བརྗོད་པ་དང་། ཁོང་གིས“དེ་ནི་སྔོན་ཆད་རྟག་ཏུ་གླ་པ་རྒྱུག་པར་བསྐྱོད་པ་ལས་ཧ་ཅང་ཡག་པ་འདུག ཁྱིམ་གྱི་སྒོ་འགྲམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་ཀྱི་འདུག”ཅེས་བརྗོད།
          མིན་ཁྲུན་ཕིང་ནི་ཀན་སུའུ་ཞིང་ཆེན་ཡན་ཁྲང་རྫོང་ཧ་ཏ་ཕུའུ་གྲོང་རྡལ་ཡུས་ཀང་གྲོང་ཚོ་ནས་ཡིན་པ་དང་། གནས་འདིར་ལྟ་ན་སྡུག་པའི་རང་བྱུང་ཡུལ་ལྗོངས་ཡོད་པ་ཕུད། དེ་བས་རང་རྒྱལ་གྱི་སྐད་གྲགས་ལྡན་པའི་གསར་བརྗེའི་དྲན་གསོའི་གནས་མཆོག་ཅིག་ཡིན་པས་དམར་དམག་རྒྱང་སྐྱོད་ལམ་བར་གྱི“སྣུམ་སྣོན་ས་ཚིགས”ཞེས་སུ་གྲགས།
        1935ལོའི་ཟླ་9པར། ཏང་ཀྲུང་དབྱང་གིས་དམར་དམག་ཧྥང་མེན་ཅུན་དང་པོའི་སྣེ་ཁྲིད་དེ་རང་གྲུབ་འགག་བཙན་ལ་ཙེ་ཁའུ་ལ་ཕར་རྒོལ་བྱས་ནས་ཧ་ཏ་ཕུའུ་རུ་འབྱོར་སྐབས་དཀའ་ཚེགས་ཆེ་བའི་དུས་ཡིན་པ་རེད། སྐབས་དེ་དུས་ཀྱི་ཧ་ཏ་ཕུའུ་ནི་སི་ཁྲོན་དང་ཀན་སུའུ་འབྲེལ་མཚམས་ཀྱི་ཚོང་དོན་གྲོང་རྡལ་གལ་ཆེན་ཞིག་ཡིན་པ་དང་། ལོ་ཏོག་དང་སྨན་རྩྭར་ཐོན་ལེགས་བྱུང་བའི་སྐབས་འཁེལ་བས་འདི་གར་དམར་དམག་ལ་འབྲུ་རིགས་དང་སྨན་རྫས་དང་དེ་བཞིན་གྲངས་འབོར་ངེས་ཅན་གྱི་དམག་མི་ཡོང་ཁུངས་ཁ་གསབ་བྱུང་ནས་རྒྱང་སྐྱོད་ལ་རྒྱལ་ཁ་ལེན་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
        ཧ་ཏ་ཕུའུ་གྲོང་རྡལ་གྱི་ཀྲེན་ཀྲང་ཝང་ཡུང་ཀང་གིས་ཧ་ཏ་ཕུའུ་ཡི་རྒྱང་སྐྱོད་རྗེས་ཤུལ་ནི་ཀན་སུའུ་ཞིང་ཆེན་གྱི་ས་ཁོངས་ནང་གཞི་ཁྱོན་ཆེ་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་གསར་བརྗེའི་དྲན་གསོའི་གནས་ཀྱི་གྲས་ཤིག་རེད། ན་ནིང་ཟླ་9པར་ལན་ཁྲུང་ལྕགས་ལམ་ཤར་གཏོང་ཐུབ་རྗེས། ཧ་ཏ་ཕུའུ་འདི་ཉིད་མཚམས་ཚིགས་གལ་ཆེན་ཞིག་ཏུ་གྱུར་བས་ལོ་དེར་ཡུལ་སྐོར་བ་ཧ་ཅང་མང་དུ་ཕྱིན་ནས་མི་ཐེངས་ཁྲི་80ཟིན་པ་དང་། འདི་ལོའི་ནང་ཚུན་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་བརྒྱ་ལས་བརྒལ་བཟོ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
        ཉེ་ལམ་ལོ་ཤས་རིང་། ཡན་ཁྲང་རྫོང་གིས་མ་དངུལ་སྣ་ཚོགས་བསྡུ་སྒྲིལ་བྱས་ནས་ནུས་པ་ཅུང་ཆེ་བའི་གསར་བརྗེའི་ཡུལ་སྐོར་རྣམ་གྲངས་ལ་འདེགས་སྐྱོར་སྐུལ་ཁྲིད་བྱས་ཏེ་གསར་བརྗེའི་ཡུལ་སྐོར་ཐོན་རྫས་རྒྱུན་ཆད་མེད་པར་གསར་སྤེལ་བྱེད་པ་དང་། མང་ཚོགས་ཚོས་ཞིང་དུད་སྤྲོ་སྐྱིད་ཁང་དང་ཞིང་དུད་མགྲོན་ཁང་གཉེར་རྒྱུར་སྐུལ་ལྕག་བྱས་པ་དང་སྦྲགས། གསོལ་ལྕོག་དང་མལ་ཁྲིའི་གྲངས་འབོར་གཞིར་བཟུང་དེ་མཚུངས་ཀྱི་ཁ་གསབ་སྤྲད་དེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།
        ཉེ་ཆར་གསར་འགོད་པ་ཧ་ཏ་ཕུའུ་གྲོང་རྡལ་དུ་སྐྱོད་སྐབས། གྲོང་རྡལ་ཁུལ་གཞོགས་གཅིག་གི་དམར་དམག་རྒྱང་སྐྱོད་ཁྲོམ་གཞུང་ཐོག་སྐབས་དེ་དུས་དམར་དམག་གི་སྡོད་གནས་དང་གཞུང་དོན་སྒྲུབ་མྱོང་བའི“དབྱི་ཧོ་ཁྲང”སྨན་རྫས་ཚོང་ཁང་དང་། སྦྲག་སྲིད་ཚབ་གཉེར་སུའོ་སོགས་ཀྱི་འཛུགས་སྐྲུན་ཁང་པ་ཆ་ཚང་བའི་ངང་ཉར་ཚགས་ཐུབ་ཡོད་པས་ཡུལ་སྐོར་བ་ཧ་ཅང་མང་པོ་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་པ་མཐོང་བྱུང་།
        ན་ནིང་ཟླ་3པར། དུས་ཡུན་རིང་པོ་ཕྱི་ཕྱོགས་སུ་གླ་པ་རྒྱུག་པའི་མིན་ཁྲུན་ཕིང་རང་ཡུལ་དུ་ལོག་ནས“དམར་དམག་གི་འཚོ་བ་ཉམས་ལེན་ཁང”སོགས་ཁྱད་ལྡན་ཞིང་དུད་སྤྲོ་སྐྱིད་ཁང་བཙུགས་ཤིང་། ཁོང་གིས“ཡུལ་སྐོར་བ་ཚོས་འདི་གར་དམར་དམག་གི་ལྟོ་ཆས་ཟ་ཐུབ་པ་དང་། དམར་དམག་གི་འཚོ་བ་ཉམས་ལེན་ཐུབ་པས་སྤྲོ་གསེང་ཡུལ་སྐོར་ཐུབ་ཀྱི་ཡོད་ལ་གསར་བརྗེའི་སློབ་གསོའང་ཐེབས་ཀྱི་ཡོད”ཅེས་བརྗོད། ད་དུང་ཁོང་གིས་དེའི་རྨང་གཞིའི་ཐོག་ཡུལ་སྐོར་མཉམ་ལས་ཁང་བཙུགས་ནས་ས་ཞིང་མ་རྐང་འཇོག་པ་དང་། མ་དངུལ་མ་རྐང་འཇོག་པ། ངལ་རྩོལ་ཞབས་ཞུགས་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིང་པ་དུད་ཚང་20ལྷག་ཙམ་ལ་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།
        “ཧ་ཏ་ཕུའུ་དམར་དམག་ལྷམ”ཞེས་པའི་ཚོང་ཁང་ཞིག་ནང་ལག་བཙེམ་རས་ལྷམ་སྣ་ཚོགས་ཚོང་སྒྲོམ་ཐོག་བསྒྲིགས་ཡོད་པ་དང་། ལྷམ་མཐིལ་མཐུག་ལ་དཀར་གཙང་དོད་པའི་རས་ལྷམ་དག་བཟོ་ལྟ་མཛེས་ལ་སྤུས་ཀ་ཡག་པོ་ཡོད་པས་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་དགའ་པོ་བྱེད་པ་དང་འཁྱུག་ཙམ་ཞིག་ལ་རས་ལྷམ་ཆ་མང་པོ་ཕྱིར་ཚོང་ཐུབ་པ་གསར་འགོད་པས་མཐོང་བྱུང་།
       “སྐབས་དེ་དུས་དམར་དམག་འདི་གར་ཡོང་དུས། ཡུལ་མི་ཚོས་འཐབ་འཛིང་པར་ལྷམ་དཀོན་པ་མཐོང་སྐབས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་ལྷམ་འཚེམ་བཟོ་བྱས་པ་རེད”ཅེས་ལོ་50ལ་སླེབས་པའི་ཚོང་ཁང་གི་སྦྱིན་བདག་ཀའོ་གཡོད་ཅུས་ཀྱིས་བརྗོད་པ་དང་། ཁོང་གིས་ང་ལ་ཆུང་ངུའི་དུས་ནས་རྒན་རབས་པ་ཚོས་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་གསུང་མྱོང་ཡོད། རྗེས་སུ་ལྷམ་བཟོ་སྟངས་ཤེས་བྱུང་བས་ཕན་ཐོགས་ཆེན་པོ་བྱུང་ཞེས་བརྗོད།
        ད་ཆ་ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཀའོ་གཡོད་ཅུས་ཀྱི་ལྷམ་བཟོ་གྲྭ་དེ་བཟོ་ཁང་ཆུང་ཆུང་ཞིག་ནས་བཟོ་གྲྭ་ཆེན་པོ་ཞིག་ཏུ་གྱུར་ཏེ་ལོ་ལྟར་ལྷམ་ཆ་ཁྲི་2ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད། ད་དུང་བཟོ་གྲྭ་དེས་ཉེ་འཁོར་གྱི་གྲོང་མི་30ལྷག་ཙམ་མཉམ་དུ་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། ཁོང་ཚོ་མང་ཆེ་བ་དུད་ཚང་དབུལ་པོ་དང་དབང་པོ་སྐྱོན་ཅན་ཡིན་པ་རེད། དུད་ཚང་དབུལ་པོ་ལིའུ་ཅིན་ཨེས་ཞིང་དལ་གྱི་དུས་ཚོད་སྤྱད་དེ་ཁྱིམ་དུ་ལྷམ་བཟོས་པས་ཟླ་རེར་གླ་ཆ་མཐོ་ཤོས་སྒོར་2800ལྷག་ཙམ་ལེན་རྒྱུ་ཡོད་པ་དང་། དབང་པོ་སྐྱོན་ཅན་དབྱང་གོ་ཕིང་གིས་ལྷམ་བཟོས་པ་བརྒྱུད་ཟླ་རེར་ཡོང་འབབ་བརྟན་པོ་སྒོར་2000ལྷག་ཙམ་ཡོད་པ་རེད།
       ལྷམ་འཚེམ་བཟོ་བྱེད་པ་ཕུད། ད་དུང་ས་གནས་དེ་གས་དམར་དམག་བརྗོད་དོན་གཙོ་བོར་བྱས་པའི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་བཏོན་པ་དང་། དེ་སྔ་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་ནང་སྤྱོད་པ་དང་རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་ཞིང་དུད་ཐོན་རྫས་དེ་དག་གྲོང་མི་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་ཐུབ་ཅིང་བྲིན་ཁ་རྒྱུག་པའི་ཐོན་རྫས་ཤིག་ཏུ་འགྱུར་བཞིན་ཡོད་པ་རེད།