འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་29ཉིན།

༄༅།།རང་རྒྱལ་གྱི་དཀར་ཆུའི་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་ཕྱིན་ཏེ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་29ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་དཀར་ཆུའི་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་གཞི་རྩའི་ཆར་གྲུབ་ཆ་ལེགས་སྒྲིག་དང་ཕྱོགས་སྒྱུར་རིམ་སྤོར་ཐུབ་སྟེ་ཕྱོགས་ཡོངས་ནས་དར་རྒྱས་བརྟན་པོ་འགྲོ་བཞིན་ཡོད་པ་རེད།
         དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ།
        “ཀྲུང་གོའི་དཀར་ཆུའི་ལས་རིགས་ལ་གཞི་ཁྱོན་ཅན་གྱི་གསོ་ཚགས་ལྟེ་བའི་སྒུལ་ཤུགས་སུ་བྱས་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་ཆགས་ཡོད། དཀར་ཆུའི་ཐོན་རྫས་ཀྱི་གྲངས་འབོར་དང་སྤུས་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་ལས་རིགས་ཡོངས་གཞི་རྩའི་ཆར་སྲོལ་རྒྱུན་ཐོན་ལས་ནས་དེང་རབས་ཐོན་ལས་སུ་རིམ་སྤོར་ཐུབ་ཡོད”ཅེས་ཚེས་27ཉིན། ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེའར་གྲོང་ཁྱེར་དུ་འཚོགས་པའི་2018ལོའི་ཀྲུང་གོའི་དཀར་ཆུའི་ལས་རིགས་ཀྱི་ཁེ་ལས་སྟོབས་ཆེན་20ཡི་ཚོགས་འདུའི་ཐོག་དེང་རབས་འབྲོག་ལས་ཚོགས་པའི་ཙུང་ཚའེ་ཀའོ་ལི་ནཱ་ཡིས་བརྗོད་པ་རེད།
         ད་ཐེངས་ཀྱི་ཚོགས་འདུར་ཞུགས་མཁན་འཐུས་མི་ཚོས་མིག་སྔ་ནི་དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ནན་ཤོས་ཀྱི་དུས་སྐབས་ཤིག་རེད་ལ། དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་ཡག་ཤོས་ཀྱི་ལོ་རྒྱུས་དུས་སྐབས་ཤིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         ཞིང་ལས་གྲོང་གསེབ་པུའི་གྲངས་གཞི་ལས་མངོན་གསལ། 2017ལོར་རང་རྒྱལ་གྱི་དཀར་ཆུ་སོས་པར་ཟུར་བཤེར་ཚད་ལོན་ཚད་99.8%ཟིན་པ་དང་། སན་ཅུན་ཆིན་ཨན་སོགས་བཀག་སྡོམ་བྱས་པའི་སྦྱོར་རྫས་ལ་ཟུར་བཤེར་ཚད་ལོན་ཚད་ལོ་9མུ་མཐུད་100%རྒྱུན་འཁྱོངས་ཐུབ་ཡོད། ཕྲུ་གུ་དམར་འབྱར་གྱི་སྦྱོར་སྡེབ་འོ་རྩམ་ལ་ཟུར་བཤེར་ཚད་ལོན་ཚད་99.5%ཟིན་པ། དཀར་ཆུའི་ཐོན་རྫས་སྤྱི་ཡོངས་ལ་ཟུར་བཤེར་ཚད་ལོན་ཚད་99.2%ཟིན་ཡོད་པ་རེད།
        ཚད་གཞི་ནན་ཤོས་དང་། ལྟ་སྡོམ་ནན་ཤོས། ཆད་པ་ནན་ཤོས། འགན་འཁྲི་བདའ་འདེད་ནན་ཤོས་བཅས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི“ནན་ཤོས་བཞིའི”བླང་བྱ་གཞིར་བཟུང་། ཞིང་ལས་གྲོང་གསེབ་པུས་དཀར་ཆུའི་ས་ཚིགས་ཡོངས་རྫོགས་ཆ་འཕྲིན་ཅན་གྱི་ལྟ་སྡོམ་མ་ལག་ལ་བཅུག་ནས་ཁྱོན་ཡོངས་ལ་ཁྱབ་པའི་དཀར་ཆུ་སོས་པའི་སྤུས་ཚད་དང་བདེ་འཇགས་ལ་ལྟ་དཔྱད་བྱས་ཏེ། ཁུག་ཆ་མི་ལུས་པའི་སྤུས་ཚད་བདེ་འཇགས་ཁུངས་འདེད་ཀྱི་མ་ལག་བསྐྲུན་ཡོད་པ་རེད། དབྱི་ལི་ཚོགས་པ་སོགས་སྣེ་འདྲེན་ཁེ་ལས་ཀྱིས་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་སྤུས་ཚད་དོ་དམ་སྣོད་བཅུད་འཁོར་རྒྱ་ཧུར་ཐག་བཏོད་དེ་ལས་རིགས་ཡོངས་ཀྱི་སྤུས་ཚད་འགན་ལེན་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་རེད།
         དཀར་ཆུའི་ལས་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།
        རྒྱལ་ཁབ་དཀར་ཆུའི་ཐོན་ལས་ལག་རྩལ་མ་ལག་གི་དབུ་བཞུགས་ཚན་རིག་མཁས་ཅན་ཀྲུང་གོ་ཞིང་ལས་ཚན་རིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་ཧྲེང་ལིས་ངོ་སྤྲོད་བྱས་དོན། དཀར་ཆུའི་ཞིང་དུད་ཆེད་ལས་མཉམ་ལས་རྩ་འཛུགས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། བཞོན་མ་གསོ་ཚགས་ལག་ཡོད་བསྡུ་སྒྲིལ་ལ་རྒྱབ་སྐྱོར། དཀར་ཆུའི་ཐོན་རྫས་ཁེ་ལས་ཀྱིས་རང་ངོས་དཀར་ཆུའི་བསྡུར་ཚད་མཐོ་རུ་གཏོང་བ་དང་། དཀར་ཆུ་སོས་པ་ཐོན་སྐྱེད་དང་ཕྱིར་ཚོང་གི་འབྲེལ་བ་བརྟན་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་ཕྱོགས་སྟོན་ལ་སྐུལ་ལྕག་བཅས་བྱས་པས་རང་རྒྱལ་གྱི་དཀར་ཆུའི་ལས་རིགས་དེ་གཞི་ཁྱོན་འབྲོག་ར་དང་། ཐོན་འབབ་འབྲིང་མཐོའི་བཞོན་མའི་ཁྱུ་གཙོ་བོར་བྱས་པའི་ཐོན་སྐྱེད་ཀྱི་མ་ལག་ཅིག་སྤྱིར་ན་ཆགས་ཡོད་པ་རེད། 2017ལོར། རྒྱལ་ཡོངས་ཀྱི་དཀར་ཆུའི་གཞི་ཁྱོན་གསོ་ཚགས་ཀྱི་བསྡུར་ཚད་58.3%ཟིན་ནས་གཞི་ཁྱོན་འབྲོག་རའི་དཀར་ཆུ་སོས་པའི་འཚོ་བཅུད་དང་སྤུས་ཚད་ཀྱི་སྟོན་གྲངས་ཚང་མ་དཀར་ཆུའི་ལས་རིགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་ཡོད་པ་རེད།
         2017ལོར། རང་རྒྱལ་གྱི་དཀར་ཆུའི་ལས་རིགས་ཀྱི་ཁེ་ལས་སྟོབས་ཆེན་20ཡི་དཀར་ཆུའི་ཐོན་རྫས་ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར་2000ཟིན་ནས་རྒྱལ་ཡོངས་ཀྱི་དཀར་ཆུའི་ཐོན་རྫས་ཕྱིར་ཚོང་དངུལ་གྲངས་ཀྱི་55%བཟུང་ཡོད་པ་དང་། དཀར་ཆུ་སོས་པ་བསྡུ་ཉོ་བྱེད་ཚད་ཏུན་ཁྲི་1545ཟིན་ནས་རྒྱལ་ཡོངས་ཀྱི་དཀར་ཆུ་སོས་པ་བསྡུ་ཉོ་བྱེད་ཚད་ཀྱི་60%བཟུང་ཡོད་པ་རེད། དབྱི་ལི་དང་མོང་ཉིའུ་གཉིས་ཀ་གོ་ལ་ཧྲིལ་པོའི་དཀར་ཆུའི་ཁེ་ལས་སྟོབས་ཆེན་10ཡི་གྲས་སུ་ཚུད་པ་དང་། ཅུན་ལེ་པའོ་ཕྲུ་གུ་དམར་འབྱར་གྱི་འོ་རྩམ་གྲུབ་འབྲས་ཐོབ་པའི་ངང་ཤང་ཀང་དང་ཨའོ་མོན་གྱི་ཁྲོམ་རར་ཕྱིར་ཚོང་ཐུབ་པ། ཧྥེ་ཧོ་ཕྲུ་གུ་དམར་འབྱར་གྱི་འོ་རྩམ་ལ་འཛམ་གླིང་གི་བཟའ་བཅའི་སྤུས་ཚད་གདེང་འཇོག་དང་གསལ་འབྱེད་ཚོགས་ཆེན་ཐོག་གསེར་གྱི་བྱ་དགའ་ཐོབ་ཡོད་པ་རེད།
         རང་ངོས་འཕེལ་རྒྱས་ཕྱིན་པ་དང་དུས་མཚུངས། དཀར་ཆུའི་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་དབྱི་ལི་དང་མོང་ཉིའུ་སོགས་ཚོགས་པས་བཞོན་མ་གསོ་ཚགས་བྱེད་མཁན་ཞིང་པར་ཁེ་ཕན་ཐོབ་རྒྱུར་ཡོངས་ཁྱབ་ཏུ་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ཡོད་པ་རེད།
         དཀར་ཆུའི་ཐོན་རྫས་ཀྱི་འཛད་སྤྱོད་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་ཕྱིན་ནས་དཀར་ཆུའི་ཐོན་རྫས་ཀྱི་འཛད་སྤྱོད་དར་རྒྱས་ལ་སྐུལ་འདེད་བཏང་བ།
          རང་རྒྱལ་གྱི་དཀར་ཆུའི་ལས་རིགས་དེ་བདེ་འཇགས་དུས་སྐབས་ནས་སྤུས་ཚད་མཐོ་བའི་དུས་སྐབས་སུ་སླེབས་ཡོད་པ་དང་། འཛད་སྤྱོད་པའི་རིམ་པ་མཐོ་བ་དང་ཧེ་བག་ཅན་གྱི་དགོས་མཁོ་ཇི་ལྟར་བསྐང་རྒྱུ་དེ་ཁེ་ལས་འབྱུང་འགྱུར་འཕེལ་རྒྱས་ཡག་པོ་ཐུབ་མིན་ལ་རག་ལུས་པའི་འཐབ་ཇུས་ཀྱི་སྟོན་ཕྱོགས་ཤིག་ཏུ་གྱུར་ཡོད་པ་རེད། ཧྥེ་ཧོ་དཀར་ཆུའི་ལས་རིགས་ཚོགས་པའི་ཙུང་ཚའེ་གཞོན་པ་ཝུའེ་ཅིང་གིས་ཧྥེ་ཧོ་དཀར་ཆུའི་ལས་རིགས་ཀྱིས་འཛད་སྤྱོད་པའི“དཀར་ཆུ་སོས་པའི་དགོས་མཁོར”དབྱེ་ཞིབ་བྱས་ནས་ཀྲུང་གོའི་ཕྲུ་གུ་དམར་འབྱར་གྱི་གཟུགས་པོ་དང་དེ་བས་འཚམ་པའི་འོ་རྩམ་ཐོན་སྐྱེད་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
          ཀོང་མིང་དཀར་ཆུའི་ལས་རིགས་ཀྱིས་འཛད་སྤྱོད་པའི་དགོས་མཁོ་མི་འདྲ་བ་སྐོང་ཆེད། ཐོན་རྫས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དང་། 2017ལོར་ཐོན་རྫས་གསར་པ་ཁྱོན་43བཏོན་ཡོད་པ་རེད།
         “གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་དང་འཛད་སྤྱོད་རིམ་སྤོར་ཐུབ་པ་དང་བསྟུན་ནས་དཀར་ཆུའི་འཛད་སྤྱོད་མི་ཚོགས་དང་མི་རེའི་ཆ་སྙོམས་འཛད་སྤྱོད་བྱེད་ཚད་ཚང་མ་མཐོ་རུ་ཤུགས་ཆེན་ཕྱིན་པས། འབྱུང་འགྱུར་གྱི་དཀར་ཆུའི་ལས་རིགས་འཕེལ་རྒྱས་ཀྱི་ཁྲོམ་ར་རྒྱ་ཆེ་ལ་མི་མངོན་པའི་ནུས་ཤུགས་ཆེན་པོ་ལྡན་ཡོད”ཅེས་དུས་གཅིག་ཏུ་འཚོགས་པའི་རྒྱལ་ཡོངས་ཀྱི་དཀར་ཆུའི་ལས་རིགས་དར་རྒྱས་ལས་དོན་སྐུལ་འདེད་ཚོགས་འདུའི་ཐོག་ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཀྲང་ཧྥུས་བརྗོད་པ་དང་། ཁོང་གིས་དཀར་ཆུའི་ཐོན་རྫས་ཀྱི་འཚོ་བཅུད་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་དཀར་ཆུའི་ཐོན་རྫས་ཀྱི་སྤུས་ཚད་ཡག་པོ་འགྲེམས་སྟོན་བྱས་པ་དང་དུས་མཚུངས། ཞིང་ལས་གྲོང་གསེབ་པུས་རྒྱལ་ཁབ་ཀྱི་སློབ་མའི་འཐུང་བྱའི་འོ་མའི་འཆར་གཞི་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། དཀར་ཆུའི་ཐོན་རྫས་ཁེ་ལས་ཀྱིས་འཛད་སྤྱོད་ཉམས་ལེན་བྱ་ཐབས་གསར་གཏོད་ལ་སྐུལ་འདེད། གྲོང་གསེབ་ཀྱི་འཛད་སྤྱོད་ཁྲོམ་རར་སྐྱེད་སྲིང་མགྱོགས་མྱུར་བཅས་བྱས་ནས་འཛད་སྤྱོད་པའི་ཚོགས་སྤྱི་རྒྱ་ཆེར་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བརྗོད།