འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་29ཉིན།

༄༅།།ཡུན་ནན་གྱིས་ལོ་བཞིའི་རིང“བྲག་རྫོང་གསུང་རབ”ཤོག་ལྷེ་སྟོང་ཕྲག་འགའ་ཉམས་གསོ་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་29ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ལོ་མང་པོའི་གོང་དུ། གནའ་དཔེ་སྲུང་སྐྱོབ་ལས་དོན་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ནང་ཁུལ་གྱི་བྲག་ཕུག་ཅིག་ནས་བོད་ཡིག་གི་གསུང་རབ་ཁག་གཅིག་རྙེད་པ་དང་། ལོ་མང་པོར་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་ཉམས་གསོ་བྱས་པ་བརྒྱུད་མིག་སྔར་གསུང་རབ་དེ་དག་ཉམས་གསོ་ཡག་པོ་ཐུབ་ཡོད་པ་རེད།
     ཡུན་ནན་ཞིང་ཆེན་གྱིས་ཉར་ཚགས་བྱས་པའི་གནའ་དཔེ་སྣ་ཚོགས་དཔེ་ཆ་ཁྲི་བརྒྱ་བརྒལ་ཅིང་། བོད་ཡིག་གི་གནའ་དཔེ་དག་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ནང་ཁུལ་དུ་གཅིག་སྡུད་བྱས་ཡོད་པ་ལས། 2010ལོར་རང་སྐྱོང་ཀྲོའུ་དེའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྒྲ་ཚག་ཤང་ནགས་སྐེ་རགས་གྲོང་ཚོའི་བྲག་རྫོང་ནས་རྙེད་པའི་གསུང་རབ་ནི་ཕོན་ཧ་ཅང་ཆེ་ལ། ཡུན་ནན་གྱི་བོད་ཡིག་གནའ་དཔེ་སྔོག་འདོན་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད།
     ཡུན་ནན་ཞིང་ཆེན་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་གཞུང་ལས་ཁང་གི་ཀྲུའུ་རེན་ཅི་སི་ཁྲེང་གིས། ལོ་དེར་རྟོག་ཞིབ་རུ་ཁག་གིས་སྨྱུག་ཚལ་དང་ཚེར་སྡོང་གི་ཁྲོད་ནས་དཀའ་ངལ་ཁྱད་དུ་བསད་དེ་ནགས་སྐེ་རགས་བྲག་རྫོང་ནང་དུ་འཛུལ་བར། དེའི་ནང་ཤིང་ཁང་ཆེ་ཆུང་20ཡོད་ལ། གནའ་དཔེ་མང་པོ་གང་སར་གཏོར་ཅིང་རལ་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། ཁ་ཤས་ལ་མེར་འཚིགས་པའི་ཤུལ་ཡང་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     དེའི་རྗེས་ཀྱི་དུས་སྐབས་ཤིག་ནང་། དཀའ་སྤྱད་འབད་བརྩོན་ཆེན་པོས་མྱུལ་དཔྱད་རྣམ་པའི་སྔོག་འདོན་བྱས་པ་བརྒྱུད། རྟོག་ཞིབ་རུ་ཁག་གིས་ཁྱོན་བོད་ཡིག་གི་གསུང་རབ་ཤོག་ལྷེ་2285མྱུར་སྐྱོབ་ཐུབ་ཡོད་པ་རེད། 2014ལོ་ནས་བཟུང་། ཡུན་ནན་གྱིས་ཞིང་ཆེན་ནང་ཁུལ་གྱི་གནའ་དཔེ་ཉམས་གསོ་རིགས་གཅིག་མཁས་ཅན་དང་དང་བླངས་པའི་སྟོབས་ཤུགས་གཅིག་སྡུད་བྱས་ནས། “ནགས་སྐེ་རགས་བྲག་རྫོང་གསུང་རབ”ཉམས་གསོ་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་པ་རེད།
     “གཞི་ཁྱོན་ཆེན་པོའི་མྱུར་སྐྱོབ་རང་བཞིན་གྱི་ཉམས་གསོ་སྔ་རྗེས་སུ་ཐེངས་བཞི་བྱས་པ་བརྒྱུད། མིག་སྔར‘ནགས་སྐེ་རགས་བྲག་རྫོང་གསུང་རབ’ཉམས་གསོའི་རྣམ་གྲངས་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱུང་ཞིང་། གནའ་དཔེ་ཉམས་གསོ་མི་སྣས་རིམ་རྩིས་བརྒྱབ་ན་གསུང་རབ་ཤོག་ལྷེ་2285ཉམས་གསོ་བྱས་པ་དང་། ཉམས་གསོ་བྱས་རྗེས་ཀྱི་གསུང་རབ་དེ་དག་ལ་མང་ཚོགས་ཚོར་འགྲེམས་སྟོན་བྱེད་པའི་ཆ་རྐྱེན་འཛོམས་ཡོད”ཅེས་ཅི་སི་ཁྲེང་གིས་བརྗོད།
     བོད་ཡིག་གི་གནའ་དཔེ་དག་མེས་ཚིག་ནུས་ཀྱང་འབུས་ཟས་པ་ཤིན་ཏུ་ཉུང་། དེར་བརྟེན་ངེས་པར་ཏུ་མེས་པོ་ཚོའི་ལག་རྩལ་ལྟར་ཉམས་གསོ་བྱེད་དགོས། གནའ་དཔེ་ཉམས་གསོ་སྤུས་ཚད་འགན་ལེན་བྱ་ཆེད། ཉམས་གསོའི་མི་སྣ་ཚོས་ས་མཐོའི་རེ་ལྕག་བཏུས་ནས་ཉམས་གསོར་སྤྱོད་རྒྱུའི་ཤོག་བུ་བཟོས་ཏེ་ལག་ལེན་བྱེད་འཐུས་ཀྱི་གསར་གཏོད་རང་བཞིན་གྱི་ཉམས་གསོའི་ཇུས་གཞི་བཟོས་པ་རེད་ཅེས་ཡུན་ནན་ཞིང་ཆེན་གནའ་དཔེ་ཉམས་གསོ་རིགས་གཅིག་མཁས་ཅན་དབྱང་ལི་ཆུན་གྱིས་ངོ་སྤྲོད་བྱས་པ་རེད།
     ཉམས་གསོ་ལས་དོན་སྤེལ་བ་དང་ཆབས་ཅིག གསུང་རབ་ཞིབ་འཇུག་ལས་དོན་ཐད་ལ་ཡང་གྲུབ་འབྲས་ཐོབ་ཡོད། རིགས་གཅིག་མཁས་ཅན་གྱིས་གསུང་རབ་དེ་དག་ཁྲོད་ཉུང་ཤས་ཤིག་རྙིང་མ་བའི་ཆོས་སྤྱོད་ཕྱག་ལེན་དང་རྩིས་ཁྲ་ཡིན་པ་ཕུད། གཞན་མང་ཆེ་བ་ནི་《ཤེར་ཕྱིན་རྒྱས་པ་》དང་《དམ་ཆོས་པད་མ་དཀར་པོ་》སོགས་བོད་བརྒྱུད་ནང་བསྟན་གྱི་《བཀའ་འགྱུར་》གྱི་ཆོས་ཚན་ཡིན་པ་རེད།
     ཅི་སི་ཁྲེང་གིས“ནགས་སྐེ་རགས་བྲག་རྫོང་གསུང་རབ”ཀྱི་པར་འདེབས་ལག་རྩལ་དང་། ཤོག་བཟོ་ལག་རྩལ། ཡིག་གཟུགས་སྒྱུ་རྩལ་སོགས་ལ་ལོ་རྒྱུས་ཀྱི་རིན་ཐང་དང་། རིག་དངོས་ཀྱི་རིན་ཐང་། ཚན་ཞིབ་རིན་ཐང་བཅས་ཆེན་པོ་ལྡན། བསྐྱར་རྙེད་བྱུང་བའི་ནང་བསྟན་གྱི་གསུང་རབ་དེ་དག་ནི་ས་མཐོའི་རིག་གནས་ཀྱི་ནོར་བུ་ལྟ་བུ་ཡིན་པ་མ་ཟད་ད་དུང་རྒྱ་བོད་རིག་གནས་སྤེལ་རེས་མཉམ་འདྲེས་ཀྱི་བདེན་དཔང་ཡང་རེད་ཅེས་བཤད།