འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་27ཉིན།

༄༅།།ཡུན་ནན་གྱིས་རྒྱལ་ནང་གི་ཞིང་ཆེན་རིམ་པའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ས་གནས་རང་བཞིན་གྱི་ཁྲིམས་
སྲོལ་ཐོག་མ་དེ་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་27ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་འཚོགས་པའི་ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པའི་ཐོག་《ཡུན་ནན་ཞིང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྲོལ་ཡིག་》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་རེད།
     ཡུན་ནན་ནི་གོ་ལ་ཧྲིལ་པོའི་དངོས་རིགས་ཕུན་སུམ་ཚོགས་ཤོས་ས་ཁུལ་34ཡི་གྲས་ཤིག་ཡིན་པ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྲོལ་ཡིག་ནང“སྐྱེ་དངོས་སྣ་མང་རང་བཞིན”གྱི་ཐ་སྙད་ཁ་གསལ་བསྟན་ཡོད་པ་སྟེ། སྐྱེ་དངོས(སྲོག་ཆགས་དང་། རྩི་ཤིང་། སྐྱེ་དངོས་ཕྲ་རབ)དང་ཁོར་ཡུག་དབར་གྲུབ་པའི་སྣོད་བཅུད་མཉམ་འདུས་ཕུང་པོ་དང་དེ་བཞིན་དེ་དང་འབྲེལ་བ་ཡོད་པའི་སྣོད་བཅུད་བརྒྱུད་རིམ་ཁག་གི་གཅིག་སྡོམ་སྟེ། དེའི་ནང་སྣོད་བཅུད་མ་ལག་དང་། དངོས་རིགས། གཞི་རྒྱུ་བཅས་རིམ་པ་གསུམ་ཚུད་ཡོད། སྲོལ་ཡིག་ནང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་སྔོན་ལ་སྲུང་སྐྱོང་དང་། རྒྱུན་མཐུད་བེད་སྤྱོད། སྤྱི་དམངས་ཞུགས་པ། ཕན་འབྲས་མཉམ་སྤྱོད། སྲུང་སྐྱོང་ཕན་ཐོབ། གནོད་སྐྱེལ་འགན་འཁུར་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པའི་གཏན་འབེབས་བྱས་ཡོད།
     སྲོལ་ཡིག་ནང་ཁོར་ཡུག་སྲུང་སྐྱོང་གཙོ་གཉེར་སྡེ་ཚན་གྱིས་ཕྱོགས་བསྡུས་དོ་དམ་དང་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་ཡན་ལག་སྡེ་ཚན་གྱི་དོ་དམ་ལ་གཞོགས་འདེགས་བྱེད་པའི་དོ་དམ་ལམ་སྲོལ་ལག་ལེན་བསྟར་རྒྱུ་ཁ་གསལ་བཟོས་པ་དང་། ཁོར་ཡུག་སྲུང་སྐྱོང་གཙོ་གཉེར་སྡེ་ཚན་གྱིས་འཆར་འགོད་སྒྲིག་བཟོ་དང་། ལམ་ལུགས་འཐུས་ཚང་། གྲངས་གཞི་མཉམ་སྤྱོད། གཙོ་གནད་ས་ཁོངས་དབྱེ་འབྱེད་གཏན་འབེབས་སོགས་ཐད་གཅིག་འདོམས་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་དང་སྦྲགས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་བཅའ་ཁྲིམས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལ་གཞིཌ་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ཕྱོགས་བསྡུས་ལྟ་སྡོམ་བྱ་རྒྱུ་རེད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་།
     བེད་སྤྱོད། དོ་དམ་བཅས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཉམ་འགུལ་ཁྲིམས་བསྟར་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་དོ་དམ་ལས་ཀའི་དགོས་མཁོ་གཞིར་བཟུང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་རྒྱུ་རེད།
     སྲོལ་ཡིག་ནང“རང་སར་སྲུང་སྐྱོང”དང“གནས་སྤོ་སྲུང་སྐྱོང”“གཟུགས་བྲལ་སྲུང་སྐྱོང”བཅས་འཇུག་གཞིར་བྱས་ནས་སྲུང་སྐྱོང་དྲ་རྒྱ་འཛུགས་པ་དང་། དངོས་རིགས་ཀྱི་མིང་གཞུང་བཟོ་བ། སྐྱེ་དངོས་རྒྱུད་འཛིན་གྱི་ཐོན་ཁུངས་བསྡུ་རུབ་ཞིབ་སྤེལ་བྱེད་སྒོ་ཚད་ལྡན་དུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མེད་པར་མི་འགྱུར་བ། ཕྱི་ནས་བྱུང་བའི་དངོས་རིགས་དོ་དམ་ཚད་ལྡན་དུ་གཏོང་བ་སོགས་ལ་བླང་བྱ་བཏོན་པ་དང་འབྲེལ་དོ་དམ་ལམ་ལུགས་བཟོས་ཡོད་པ་དང་། དེའི་ནང་ཆེད་མངགས་ནན་བཤད་བྱས་དོན། སྟོངས་ལ་ཉེ་བའི་རྩ་ཆེའི་དངོས་རིགས་དང་སྐྱེ་དངོས་རིགས་ཁྱུ་ཆུང་ཤོས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱས་ནས་ཡུན་ནན་དུ་དམིགས་བསལ་ཡོད་པའི་དངོས་རིགས་དང་ཀྲུང་གོ་ནས་ཡུན་ནན་ཁོ་ནར་མ་གཏོགས་མེད་པའི་དངོས་རིགས་ལ་གཙོ་གནད་སྲུང་སྐྱོང་བྱ་རྒྱུ་རེད། འབྲེལ་ཡོད་ཀྱི་རང་བྱུང་སྲུང་སྐྱོང་ས་ཁོངས་དབྱེ་འབྱེད་གཏན་འབེབས་ཀྱི་ཆ་རྐྱེན་མི་འཛོམས་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དངོས་རིགས་ཐོན་ཁུངས་སྲུང་སྐྱོང་ཁུལ(གནས)དང་། གདོད་མའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁུལ་ཆུང(ས་ཚིགས) རྔོན་རྒྱག་གཏན་འགོག(འཛིན་སྔོག་གཅོད་འཚོ)ཁུལ་སོགས་ཀྱི་རྣམ་པ་གཞན་ལ་སྲུང་སྐྱོང་བྱ་རྒྱུ་དང་ཕྱོགས་མཚུངས་རང་དགར་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕྱི་ནས་དངོས་རིགས་འཁྱེར་བ་གཏན་འགོག་བྱ་རྒྱུ་རེད། གལ་སྲིད་གཏན་འབེབས་ལས་འགལ་ཚེ་ཉེས་ཆད་མང་ཤོས་སྒོར་ཁྲི་15གཏོང་རྒྱུ་རེད། ཕྱི་ནས་ཁྱེར་བའི་དངོས་རིགས་ཕྱི་རོལ་ཏུ་མཆེད་པ་དང་། ཚེ་ཐར་གཏོང་བ། དབྱུག་པ་སོགས་བྱས་ཚེ་སྒོར་2000ཡན་ནས་སྒོར་5000མན་ཆད་པ་གཅོད་རྒྱུ། གྱོང་གུན་བཟོས་རིགས་ལ་ཁྲིམས་བཞིན་སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་རྒྱུ། ཉེས་གསོག་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་བཅས་རེད།