འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུ་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཨ་རིས་
ཐོན་སྐྱེད་བྱས་པའི་ཨ་སྒོར་དུང་ཕྱུར་600ཙམ་རི་བའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྤོར་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུ་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཨ་རིས་ཐོན་སྐྱེད་བྱས་པའི་ཨ་སྒོར་དུང་ཕྱུར་600ཙམ་རི་བའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྤོར་རྒྱུའི་གཏན་འཁེལ་བྱས་པ་རེད།
          2018ལོའི་ཟླ་7ཚེས་11ཉིན་ཨ་རི་སྲིད་གཞུང་གིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ཨ་སྒོར་དུང་ཕྱུར་2000ཙམ་རི་བའི་ཚོང་ཟོག་ལ་སྒོ་ཁྲལ་10%སྤོར་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་ཟླ་8ཚེས་2ཉིན་ཡང་ཁྲལ་འབོར་25%བར་མཐོ་རུ་བཏང་ཡོད། 2018ལོའི་ཟླ་9ཚེས་18ཉིན་ཨ་རི་སྲིད་གཞུང་གིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ཨ་སྒོར་དུང་ཕྱུར་2000ཙམ་རི་བའི་ཚོང་ཟོག་ལ་སྒོ་ཁྲལ་སྤོར་བའི་བྱེད་ཐབས་ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་2018ལོའི་ཟླ་9ཚེས་24ཉིན་ནས་བཟུང་སྒོ་ཁྲལ་ཁྲལ་འབོར་10%སྤོར་རྒྱུ་དང་2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་སྒོ་ཁྲལ་ཁྲལ་འབོར་25%བར་མཐོ་རུ་གཏོང་རྒྱུ་རེད། ཨ་རི་ཕྱོགས་ཀྱིས་རང་འདོད་ཁེར་སྒྲུབ་བྱས་པ་ལས་ཀྲུང་གོ་དང་ཨ་རིའི་དབར་གྱི་ཚོང་དོན་རྩོད་གཞི་ཟམ་མི་ཆད་པར་ཚབས་ཆེར་སོང་ཡོད། རང་མོས་ཚོང་དོན་དང་ཕྱོགས་མང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་པ་དང་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཡོངས་བསྒྲགས་བྱས་པའི་ཨ་སྒོར་དུང་ཕྱུར་600ཙམ་རི་བའི་གསལ་ཐོའི་ཚོང་ཟོག་ལ་སྒོ་ཁྲལ་སྤོར་བའི་བྱེད་ཐབས་མི་སྤྱོད་ཀ་མེད་བྱུང་བ་རེད།
         《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཚོང་དོན་བཅའ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྒོ་ཁྲལ་སྲོལ་ཡིག་》སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་གཞིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུ་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གིས་དཔྱ་ཁྲལ་རྣམ་གྲངས་5207དང་ཨ་སྒོར་དུང་ཕྱུར་600ཙམ་རི་བའི་ཨ་རིས་ཐོན་སྐྱེད་བྱས་པའི་ཚོང་ཟོག་ལ་སྒོ་ཁྲལ་10%འམ་ཡང་ན་5%སྤོར་རྒྱུའི་གཏན་འཁེལ་བྱས་པ་དང་2018ལོའི་ཟླ་9ཚེས་24ཉིན་གྱི་ཆུ་ཚོད་12དང་སྐར་མ་01ནས་བཟུང་ལག་ལེན་བསྟར་རྒྱུ་རེད། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཨུ་ཚུགས་ངང་སྒོ་ཁྲལ་གྱི་ཁྲལ་འབོར་སྔར་བས་མཐོ་རུ་བཏང་ཚེ་ཀྲུང་གོ་ཕྱོགས་ཀྱིས་དེ་མཚུངས་ཀྱི་ཁ་གཏད་འཇལ་རྒྱུ་དང་འབྲེལ་ཡོད་དོན་ཚན་ལོགས་སུ་ཡོངས་བསྒྲགས་བྱ་རྒྱུ་རེད།
         ཀྲུང་གོ་ཕྱོགས་ཀྱིས་གོང་གསལ་གྱི་སྒོ་ཁྲལ་སྤོར་བའི་བྱེད་ཐབས་ལག་ལེན་བསྟར་བའི་དམིགས་ཡུལ་ནི་ཚོང་དོན་རྩོད་གཞི་ཚབས་ཆེར་འགྲོ་རྒྱུ་བཀག་འགོག་བྱ་ཆེད་ཡིན་པ་དང་ཨ་རི་ཕྱོགས་ཀྱི་ཕྱོགས་རྐྱང་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ཁ་གཏད་མ་འཇལ་ཀ་མེད་བྱུང་བ་ཞིག་ཡིན་ཞེས་བསྐྱར་བསྒྲགས་བྱས་པ་དང་། ཨ་རི་ཕྱོགས་ཀྱིས་ཚོང་དོན་རྩོད་གཞི་མཚམས་འཇོག་དང་། ཀྲུང་ཨ་ཕྱོགས་གཉིས་པོས་འདྲ་མཉམ་དང་། ཁ་དན་ཚིག་གནས། དངོས་སྒྲུབ་བཅས་ཀྱི་སྐད་ཆ་ཤོད་རེས་བརྒྱུད་ཕན་ཚུན་བརྩི་འཇོག་བྱེད་པ། གཉིས་ཁེ་གཉིས་ཕན་གྱི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་སྤྱི་ཡོངས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། རང་མོས་ཉོ་ཚོང་རྩ་དོན་དང་ཕྱོགས་མང་ཉོ་ཚོང་ལམ་སྲོལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ནས་འཛམ་གླིང་དཔལ་འབྱོར་དར་རྒྱས་གོང་འཕེལ་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རེ་བ་བྱེད་ཀྱི་ཡོད།