འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།ཕ་ཁི་སི་ཐན་གྱི་ལས་མི་ཀྲུང་གོའི་དུས་ཆེན་གཏོང་རྒྱུར་དགའ་བ། 

ཕ་ཁི་སི་ཐན་དུ་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཏིང་ཞོལ་ཀྲེན། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་གཉིས་རིང་། ཕ་ཁི་སི་ཐན་གྱི་ཀོ་ཏ་ཨེར་གྲུ་ཁར་ཟླ་མཆོད་དུས་ཆེན་གྱི་རྣམ་པ་ཧ་ཅང་ཟབ་མོ་ཡོད།
           རྒྱལ་ནང་གི་གཞོན་ནུ་མང་པོ་ཞིག་ནུབ་ཕྱོགས་ཀྱི་དུས་ཆེན་གཏོང་རྒྱུར་དགའ་པོ་ཡོད་མོད། འོན་ཀྱང་ཀོ་ཏ་ཨེར་གྲུ་ཁའི་ཕ་ཁི་སི་ཐན་གྱི་ལས་མི་ཚོས་ཀྲུང་གོའི་དུས་ཆེན་གཏོང་རྒྱུར་རིམ་བཞིན་དགའ་པོ་བྱེད་ཀྱི་ཡོད། ཀོ་ཏ་ཨེར་རྒྱལ་སྤྱིའི་གྲུ་ཁ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧྲང་ཧྥེ་ཡིས་ངོ་སྤྲོད་བྱས་དོན། ཟླ་མཆོད་དུས་ཆེན་དང་དཔྱིད་གསར་དུས་ཆེན་སོགས་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་འཆར་རིམ་བཞིན་ཕ་ཁི་སི་ཐན་གྱི་ལས་མིས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ། ཁོང་ཚོས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་པ་མ་ཟད། ད་དུང་ཀྲུང་གོ་ཕྱོགས་ཀྱི་ལས་མི་དང་མཉམ་དུ་གླིང་ཁུལ་ལ་མཛེས་རྒྱན་ཡང་སྤྲོས་ཀྱི་ཡོད།
          ཧྲང་ཧྥེ་ཡིས་2015ལོར་ང་ཀོ་ཏ་ཨེར་གྲུ་ཁར་ཐོག་མར་སླེབས་སྐབས་ཡུལ་དེར་ཀྲུང་གོ་བ་ཉུང་ཉུང་རེད་འདུག ལོ་དེའི་ཟླ་མཆོད་དུས་ཆེན་སྐབས་ཀོ་ཏ་ཨེར་གྲུ་ཁར་རྟེན་འབྲེལ་གྱི་བྱེད་སྒོ་ཐོག་མ་དེ་སྤེལ་ཡོད། དེ་ཉིན་མི་ཚང་མར་སྲོལ་རྒྱུན་གྱི་ཀྲུང་གོའི་ལུགས་ཀྱི་ཟླ་མཆོད་བག་ལེབ་བཟའ་རྒྱུ་མ་བྱུང་རུང་ཡུལ་དེའི་ལས་མི་བརྒྱ་ལྷག་ཙམ་དང་མཉམ་དུ་ཕ་ཁི་སི་ཐན་གྱི་བག་ལེབ་སྲབ་མོ་ཞིག་ཟ་བཞིན་ཟླ་བར་ལྟ་བའི་རྣམ་པ་དེ་དུས་ད་ལྟའང་ངའི་དྲན་པའི་ཡོལ་བའི་ངོས་སུ་གསལ་ལེར་འཆར་གྱི་འདུག དུས་དེ་ནས་བཟུང་ཡུལ་དེའི་མི་དམངས་ཀྱིས་ཀྲུང་གོ་བའི་སྲོལ་རྒྱུན་གྱི་ཟླ་མཆོད་དུས་ཆེན་ལ་རྒྱུས་མངའ་རགས་ཙམ་བྱུང་བ་དང་། ཟླ་མཆོད་དུས་ཆེན་ཡང་ཀོ་ཏ་ཨེར་གྲུ་ཁའི་དུས་ཆེན་གལ་ཆེན་དུ་གྱུར་ཡོད་ཅེས་བཤད།
          ཧྲང་ཧྥེ་ཡིས“ཕ་ཁི་སི་ཐན་གྱི་མི་དམངས་གླུ་ལེན་གར་འཁྲབ་ལ་མཁས་པས་ཉེ་བའི་ལོ་གཉིས་རིང་ང་ཚོས་གཉེར་བའི་མཚན་ཚོགས་ཐོག རྒྱུན་དུ་གླུ་ལེན་མཁན་ཡོད་ན་ཕ་ཁི་སི་ཐན་གྱི་ལས་མིས་རང་མོས་ངང་ཞབས་བྲོ་འཁྲབ་པར་ཡོང་གི་ཡོད་པས། མཚན་ཚོགས་འཁྲུག་ཆ་དོད་དུ་ཕྱིན་པ་མ་ཟད། ད་དུང་ང་ཚོའི་དབར་བརྩེ་དུང་ཡང་ཟབ་ཏུ་ཕྱིན་སོང”ཞེས་བཤད།
         འདི་ལོ་ཀོ་ཏ་ཨེར་གྲུ་ཁའི“ཟླ་མཆོད་དུས་ཆེན་བསུ། རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་ཞེས་པའི‘དུས་ཆེན་གཉིས’ཀྱི་རིག་རྩལ་མཚན་ཚོགས”ཟླ་9ཚེས་28ཉིན“2018ལོའི་ཀོ་ཏ་ཨེར་གྱི་གཏེར་ཁ་དང་། རྡོ་ཀ་མ་རུ། དེ་བཞིན་གཏེར་རིའི་འཕྲུལ་ཆས་དངོས་མང་སྟོན་ཚོགས”རིང་སྤེལ་རྒྱུའི་གཏན་འཁེལ་བྱས་པ་རེད།
         ཀྲུང་གོའི་ཕྱི་རྒྱལ་དུ་ཡོད་པའི་གྲུ་ཁ་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི(གཤམ་དུ“ཀྲུང་གོའི་གྲུ་ཁ་ཀུང་སི”ཞེས་བསྡུ་རྒྱུ)ཡི་ཏུང་ཧྲི་ཀྲང་ཀྲང་པའོ་ཀྲུང་གིས་སྐབས་དེ་དུས་ཀོ་ཏ་ཨེར་གྲུ་ཁའི་ཀྲུང་གོའི་ལས་མིས་མཉམ་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱ་རྒྱུ་མ་ཟད། ཕ་ཁི་སི་ཐན་གྱི་ལས་མིས་ཀྱང་དེའི་ནང་ཧུར་ཐག་ཞུགས་ཏེ་དམིགས་བསལ་གྱི་ཉམས་འགྱུར་ལྡན་པའི་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་བྱས་ཐོག་རྒྱལ་ཁབ་གཉིས་པོའི་ལས་མིའི་དབར་གྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་བཤད་པ་རེད།
          2013ལོར་ཕ་ཁི་སི་ཐན་སྲིད་གཞུང་གིས་ཀོ་ཏ་ཨེར་གྲུ་ཁའི་གཉེར་སྐྱོང་དབང་ཆ་ཀྲུང་གོའི་གྲུ་ཁ་ཀུང་སིར་རྩིས་སྤྲད་ཚུན། དེ་སྔ་རྗེས་ལུས་ཀྱི་ཉ་པའི་གྲོང་ཚོ་ཆུང་ཆུང་དེ“རྒྱུད་གཅིག་ལམ་གཅིག”ཐོག་གི་མུ་ཏིག་ལྟ་བུར་འགྱུར་བཞིན་ཡོད། འདི་ལོའི་ལོ་སྟོད་དུ་ཀོ་ཏ་ཨེར་གྱི་རང་མོས་ཁུལ་དངོས་སུ་སྒོ་ཕྱེ་བ་དང་འབྲེལ་སྐབས་དང་པོའི་ཀོ་ཏ་ཨེར་རྒྱལ་སྤྱིའི་ཚོང་འདུས་བདེ་བླག་ངང་གཉེར་ཡོད། མིག་སྔར་རང་མོས་ཁུལ་དུ་དངུལ་ཁང་དང་། འགན་བཅོལ། ཟོག་འགྲེམས། འབྲུ་སྣུམ་ལས་སྣོན། ཉ་ལས་ལས་སྣོན། ཁྱིམ་སྤྱོད་གློག་ཆས་སྒྲིག་སྦྱོར་སོགས་ཚུད་པའི་ཀྲུང་ཕའི་ཁེ་ལས་20ལྷག་ཙམ་བཅའ་སྡོད་བྱས་པ་དང་ཁེ་ལས་དེ་དག་གིས་ཐད་ཀར་མ་དངུལ་གཏོང་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་ཡོད་པ་རེད།
          འདི་ལོའི་ཟླ་ལྔ་པར་ཧྥུའུ་ཏན་སློབ་ཆེན་གྱི་ཞོར་གཏོགས་ཧྭ་ཧྲན་སྨན་ཁང་དང་པེ་ཅིང་རྒྱ་གྲམ་དམར་རྟགས་ཚོགས་པའི་999མྱུར་སྐྱོབ་ལྟེ་གནས། ཧྥུའུ་ཏན་སློབ་ཆེན་གྱི་ཞོར་གཏོགས་བུད་མེད་དང་བུ་བཙའི་ཚན་ཁག་སྨན་ཁང་གི་རིགས་གཅིག་མཁས་ཅན་དང་དེ་བཞིན་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོགས་ཀྱིས་མངགས་པའི་མཐུན་སྦྱོར་པ་ལས་གྲུབ་པའི་ཀོ་ཏ་ཨེར་གྲུ་ཁར་བསྐྱོད་པའི་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་གཉིས་པ་ཀོ་ཏ་ཨེར་གྲུ་ཁར་འབྱོར་བ་རེད། ཁག་གཉིས་པའི་སྨན་བཅོས་རུ་ཁག་གི་རུ་མི་9ཡིས་གཟའ་འཁོར་རེར་ལས་ཀ་ཉིན་དྲུག་བྱས་པ་དང་། ཟླ་རེར་ཆ་སྙོམས་ས་གནས་དེའི་ནད་པ་200ཙམ་ལ་ནད་བརྟག་སྨན་བཅོས་བྱས་ཡོད་པ་རེད།
         འདི་ལོའི་ཟླ་མཆོད་དུས་ཆེན་དེ་དངོས་མང་སྟོན་ཚོགས་གྲ་སྒྲིག་བྱེད་པ་དང་ཏག་ཏག་འཁེལ་བས་སྐབས་དེ་དུས་འགྲེམས་སྟོན་ནང་ཞུགས་མཁན་མི་སྟོང་ལས་བརྒལ་བ་ཀོ་ཏ་ཨེར་གྲུ་ཁར་འབྱོར་རྒྱུ་ཡིན་པ་དང་། སྨན་བཅོས་རུ་ཁག་གིས་ཉིན་རེའི་སྨན་བཅོས་ལས་འགན་སྒྲུབ་དགོས་པ་ཕུད། ད་དུང་དངོས་མང་སྟོན་ཚོགས་རིང་གི་སྨན་བཅོས་འགན་ལེན་གྱི་འགན་ཡང་འཁུར་དགོས་ཀྱི་ཡོད།