འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།མཚོ་སྔོན་གྱིས“སྒལ་རལ་པར”ཆད་པ་ནན་པོ་བཅད་པ། 

—— ལོ་གཉིས་དང་ཟླ་བ་བརྒྱད་ཀྱི་རིང་མི་ཐེངས་1825ཁྲིམས་འཛིན་བཀག་ཉར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་2016ལོ་ནས་བཟུང“གཞི་རྩའི་ཐག་གཅོད་ལག་བསྟར་དཀའ་བའི”ལས་དོན་སྤེལ་ཚུན། འདི་ལོའི་ཟླ་8ཚེས་31ཉིན་བར་ལག་བསྟར་བྱ་ཡུལ་ལམ་ཡང་ན་འབྲེལ་ཡོད་མི་སྣ་ཁྱོན་མི་ཐེངས་1825ཁྲིམས་འཛིན་བཀག་ཉར་བྱས་པ་དང་བསྟུན་ནས་ལག་བསྟར་བྱ་ཡུལ་གྱིས་རང་འགུལ་ངང་འོས་འགན་ལག་ལེན་བསྟར་རྒྱུར་སྐུལ་མ་བཏང་བ་རེད།
     2017ལོའི་ཟླ་3པར་མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ལ་དུས་ཡུན་ཟླ་བ་10ཡི་གཅིག་སྡུད་ལག་བསྟར་འགག་སྒྲོལ་བྱེད་སྒོ་སྤེལ་ནས“གཞི་རྩའི་ཐག་གཅོད་ལག་བསྟར་དཀའ་བའི”ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་བསྟན་ཡོད། འདི་ལོའི་ཟླ་5པར་མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་དང་མཉམ་འབྲེལ་བྱས་ཏེ་《ལག་ལེན་བསྟར་ཡུལ་གྱིས་རང་འགུལ་ངང་འོས་འགན་ལག་ལེན་བསྟར་རྒྱུར་སྐུལ་མ་གཏོང་བ་དང་གཏན་འབེབས་ལས་གཡོལ་བ་དང་ལག་བསྟར་མི་སྣར་བཀའ་འགོག་བྱེད་མཁན་ལ་རྡུང་རྡེག་གཏོང་དགོས་པའི་སྐོར་གྱི་བརྡ་ཁྱབ་》བཏང་ནས་བརྙན་འཕྲིན་དུ་བསྟུད་མར་བསྟན་པ་དང་། ཁྲོམ་གཞུང་དང་སྡེ་ཁུལ། གྲོང་མི་ཨུ་ལྷན། འབྲོག་པ་ཨུ་ལྷན་བཅས་སུ་རྒྱ་ཁྱབ་ངང་བཀྲམ་པ། ལག་ལེན་བསྟར་ཡུལ་ལ་སྤྲད་པ་བཅས་བྱས་པ་རེད།
     དེ་དང་ཆབས་ཅིག མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཚོ་སྔོན་ཞིང་ཆེན་སྤྱི་པའི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་སྤེལ་རེས་ལས་སྟེགས་དང་དྲ་བ་སྦྲེལ་བ་དང་མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་མཚོ་སྔོན་ཞིང་ཆེན་དངུལ་ལས་ལྟ་འདོམས་ཅུས་དང་མཉམ་དུ་ཡིད་རྟོན་ལག་བསྟར་བྱ་ཡུལ་ཡོངས་བསྒྲགས་ལས་སྟེགས་བཙུགས་ཏེ་ཚན་པ་82དང་མཉམ་འབྲེལ་ཐོག་ཡིད་རྟོན་མེད་པའི་ལག་བསྟར་བྱ་ཡུལ་ལ་ཡིད་རྟོན་ཆད་གཅོད་བསླབ་འདོམས་བྱས་པ་རེད།
     2016ལོའི་ཟླ་1ཚེས་1ཉིན་ནས་2018ལོའི་ཟླ་8ཚེས་31ཉིན་བར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་གཅོད་དང་ཁྲུན་གཅོད་ལག་བསྟར་མི་བྱེད་པའི་ནག་ཉེས་ཀྱི་ཐོག་ནས་གྱོད་གཞི་35དང་མི་35ལ་ཁྲིམས་ཐག་བཅད་པ་དང་ཆབས་ཅིག ཁྲིམས་གཅོད་དང་ཁྲུན་གཅོད་ལག་བསྟར་མི་བྱེད་པའི་ལག་བསྟར་བྱ་ཡུལ་ལམ་ཡང་ན་འབྲེལ་ཡོད་མི་སྣ་ཁྱོན་མི་ཐེངས་1825ཁྲིམས་འཛིན་བཀག་ཉར་དང་མི་ཐེངས་71ལ་དངུལ་ཆད་གཅོད་རྒྱུའི་གཏན་འཁེལ་བྱས་ཡོད། བཙན་འདོམས་བྱ་ཐབས་ཀྱི་ཟིལ་གནོན་འོག་ལག་བསྟར་བྱ་ཡུལ་1419ཡིས་རང་འགུལ་ངང་ཁྲིམས་གཏན་འཁེལ་བའི་འོས་འགན་ལག་ལེན་བསྟར་བ་དང་གྱོད་གཞི་1256གྱོད་ཐག་བཅད་པར་སྒོར་ཁྲི་22665.28ལག་བསྟར་དོན་འཁྱོལ་ཐུབ་པ་རེད།