འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།ངོགས་གཉིས་ཀྱི་གསར་འགོད་པ་ཀན་ལྷོ་བོད་རིགས་ས་ཁུལ་དུ་བསྐྱོད་ནས་སྣོད་བཅུད་དམངས་སྲོལ་ཡུལ་སྐོར་སྐོར་
བཅར་འདྲི་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། རྒྱ་ཁོས་རང་ཁྱིམ་གྱི་སྒོ་ཁར་འཚམས་འདྲིར་སླེབས་པའི“མཚོ་འགག་ངོགས་གཉིས་ཀྱི་གསར་འགོད་པའི་གནད་སྨིན་དབུལ་སྐྱོར་མཉམ་འབྲེལ་བཅར་འདྲི་ཚོགས་པའི”ཁོངས་མི་ཚོར“བཀྲ་ཤིས་བདེ་ལེགས”ཞུས།
     ངོགས་གཉིས་དང་ཤང་ཀང་ས་ཁུལ་གྱི་སྨྱན་སྦྱོར་10ལྷག་ཙམ་གྱི་གསར་འགོད་པ་20ལྷག་ཙམ་གྱིས་འཚང་ཁ་ཤིག་ཤིག་ངང་སྦྱིན་བདག་ལ་འཚམས་འདྲི་ཞུས་པ་དང་། སྐམ་ས་ཆེ་མོའི་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་རྟོགས་ཆེད། གསར་འགོད་པ་དེ་དག་ཚེས་18ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་མདའ་མེད་ཤང་མདའ་མེད་སྲིད་འཛིན་གྲོང་ཚོའི་ལྡེང་སྡེ་མདོ་རང་བྱུང་གྲོང་ཚོར་འབྱོར་རྗེས་མདའ་མེད་སྲིད་འཛིན་གྲོང་ཚོའི་ཀྲུའུ་རེན་རྒྱ་ཁོའི་ཁྱིམ་དུ་བསྐྱོད།
     རྒྱ་ཁོ་དེ་སྔ་བོད་ལྗོངས་ལྷ་སར་ཚོང་བརྒྱབ་ནས་སྡོད་མྱོང་ཡོད་ཅིང་། རྗེས་སུ་ཕ་ཡུལ་དུ་ལོག་པ་དང་འབྲེལ་2016ལོར་མདའ་མེད་ཤང་གིས་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་སྐབས་རང་ཁྱིམ“བོད་ཁྱིམ་སྤྲོ་ཁང”དུ་སྒྱུར་བཀོད་བྱས་ཏེ་ཁྱིམ་མི་ཚོ་སྣོད་བཅུད་དམངས་སྲོལ་ཡུལ་སྐོར་གྱི་ལས་ལ་གཞོལ།
     རྒྱ་ཁོས“ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་ཡོང་གི་འདུག”ཁྱིམ་གྱི་སྒོ་ཁ་ནས་ཡོང་འབབ་བརྟན་པོ་གསོག་ཐུབ་པ་མ་ཟད། ཁྱིམ་མིར་ལྟ་རྟོག་དང་ནང་མི་མཉམ་འཛོམས་ལ་རོལ་རྒྱུ་ཡོད་པས“འདི་ནི་དངུལ་མང་པོ་ཇི་ལྟ་བུ་གསོག་ཐུབ་པ་ལས་ཀྱང་དེ་བས་གལ་ཆེ་ལ་བློའང་ཧ་ཅང་བདེ་པོ་འདུག”ཅེས་བཤད།
     དེ་སྔ་སྐྱེས་པ་མང་དག་ཅིག་ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་ཕྱིན་ནའང་ཡོང་འབབ་བརྟན་པོ་མེད་ཅིང་། རྒན་རྒོན་དང་བུད་མེད་ཚོས་ཁྱིམ་དུ་ཕྲུ་གུ་ཉར་ནས་སྡོད་དགོས་ཀྱི་ཡོད། གྲོང་ཚོར་བོད་རིགས་དུད་ཚང་27དང་རྒྱ་རིགས་དུད་ཚང་26ཡོད་པ་ཕལ་ཆེ་བས་ཁྱིམ་དུ་ཕྱུགས་ཚང་བརྒྱབ་པ་དང་ལྕི་བ་དང་བུད་ཤིང་བསྲེགས་ནས་ལྟོ་ཆས་བཟོ་གི་ཡོད།
     ད་ཆ་གྲོང་ཚོར་མི་ཕྱུགས་ལོགས་དབྱེ་དང་ཁྱིམ་ལ་གློག་རླངས་ཅན་གྱི་སྒྱུར་བཀོད་བྱས་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ་དེས་གྲོང་ཚོའི་འགྲོ་ལམ་བརྟན་དུ་ཕྱིན་པ་དང་། གྲོང་ཚོའི་ཁོར་ཡུག་མཛེས་སུ་ཕྱིན་པ། འཚོ་བའི་ཆ་རྐྱེན་ལེགས་སུ་སོང་ཡོད།
     མདའ་མེད་ཤང་གི་ཤང་ཀྲང་རྡོ་རྗེ་འཚོས་གྲོང་ཚོའི་ཁོར་ཡུག་རིམ་སྤོར་སྒྱུར་བཀོད་བྱེད་རིང་། སྲིད་གཞུང་གིས་གྲོང་མིར་སྲོལ་རྒྱུན་གྱི་རྣམ་པ་སོར་འཇོག་ལ་ཁྲིད་སྟོན་བྱས་པ་དེས་སྣོད་བཅུད་དམངས་སྲོལ་ཡུལ་སྐོར་ལ་རྨང་གཞི་བཏིངས་ཡོད་ཅེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། མདའ་མེད་སྲིད་འཛིན་གྲོང་ཚོས་ཡུལ་སྐོར་ཀུང་སི་བཙུགས་ནས་གྲོང་མི་དུད་ཚང་རེས་མ་རྩ་སྒོར་ཁྲི་1.76བཏང་བ་དང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་ནས་གཞོགས་འདེགས་བྱས་པ་རེད། མིག་སྔར་ཀུང་སི་དེར་ཉལ་ཁྲི་198ཡོད་པ་དང་ཡུལ་སྐོར་ས་ཚིགས་སུ་ཡུལ་སྐོར་བ་500དུས་གཅིག་ཏུ་ལྟོ་ཆས་བཟའ་ཆོག་གི་ཡོད།
     རྒྱ་ཁོས་གྲོང་མི་ཚོ་ཐག་རིང་དུ་འགྲོ་མི་དགོས་པར་ཡུལ་སྐོར་ཀུང་སིར་ལས་ཀ་བྱེད་ཆོག་ཅིང་། གླ་ཆ་ཕུད་ལོ་ལྟར་ད་དུང་ཁེ་སྤོགས་བགོ་རྒྱུ་ཡོད། “གྲོང་མི་དུད་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་བརྒྱད་སྟོང་དགུ་སྟོང་ཡོད་པས་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག”ཅེས་བཤད།
     “སྔོན་ཆད་དབུལ་སྐྱོར་ཞེས་པ་ནི་དུད་ཚང་དབུལ་པོར་སྤྲོད་ཐེངས་གཅིག་ལ་དངུལ་འབོར་ཆེན་ཞིག་སྤྲོད་ཀྱི་ཡོད་པར་སྙམ་གྱི་ཡོད། ད་ཆ་གཞི་ནས་གནད་སྨིན་དབུལ་སྐྱོར་ཞེས་པ་ཤེས་སོང”ཞེས་ཐའེ་དབན་ཏུང་སེན་གསར་འགྱུར་སྤྲིན་པའི་གསར་འགོད་པ་ཙེང་ཅུན་ཧའོ་ཡིས་སྐམ་ས་ཆེ་མོས་སྲིད་གཞུང་དང་དམངས་ཁྲོད་ཟུང་འབྲེལ་བྱས་ཏེ་སྔར་ཡོད་རང་བྱུང་ཐོན་ཁུངས་ཡག་པོ་དེ་དག་ཁེ་ཕན་དུ་འགྱུར་ཐབས་བྱས་ནས་ཐོན་ཁུངས་བེད་སྤྱོད་ནུས་ལྡན་ཐུབ་པས་དབུལ་སྐྱོར་བྱེད་སྟངས་འདི་རིགས་གོ་ཧ་ཅང་ཆོད་པོ་འདུག་ཅེས་བཤད།
     ས་སྲོས་མཚམས་སུ་བཅར་འདྲི་ཚོགས་པ་དང་བཅས་པ་མདའ་མེད་གྲོང་ཚོ་ནས་བར་ཐག་སྤྱི་ལེ་30ལྷག་ཙམ་ཡོད་པའི་བསང་ཁོག་རྩྭ་ཐང་དུ་བསྐྱོད། ཐག་རིང་གི་ནམ་མཁར་སྤྲིན་སྨུག་གིས་འཁྲིགས་པ་དང་མཐའ་འཁོར་དུ་ཅུང་ཟད་སེར་པོར་གྱུར་པའི་སྤང་རྩྭ་དང་ནོར་ལུག་གིས་ཁེངས། བོད་རིགས་བུ་མོ་དང་ཕོ་གསར་ཚོས་སྐོར་བྲོ་འཁྲབ་པ་དང་ཆང་གཞས་ལེན་བཞིན་ཐག་རིང་གི་མགྲོན་པོར་བསུ་བ་ཞུས།
     བསང་ཆུ་རྫོང་བསང་ཁོག་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་སྙིང་དཔོན་སྐྱབས་ཀྱིས་བསང་ཁོག་གྲོང་རྡལ་དུ་ཡུལ་སྐོར་ས་ཚིགས་ཆེ་ཆུང་འདྲ་མིན་སྣ་ཚོགས་300ལྷག་ཙམ་ཡོད་ཅིང་། ས་ཆ་དེ་གའི་དམངས་སྲོལ་ཡུལ་སྐོར་འཕེལ་རྒྱས་གཏོང་ཆེད་གྲོང་རྡལ་དེས་ཡུལ་སྐོར་ས་ཚིགས་ལ་ཞིབ་མཆན་འགོད་པའི་ལས་དོན་གཉེར་རོགས་བྱས་པ་མ་ཟད། ད་དུང་རིམ་པ་མི་འདྲ་བའི་ཡུལ་སྐོར་ས་ཚིགས་ལ་ཉལ་ཁྲི་རེར་སྒོར་2000ནས་3000བར་གྱི་ཁ་གསབ་རོགས་སྐྱོར་སྤྲད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     སྙིང་དཔོན་སྐྱབས་ཀྱིས“ཡུལ་སྐོར་ས་ཚིགས་ཚང་མས་མཐའ་འཁོར་གྱི་དུད་ཚང་དབུལ་པོ་5ནས་10བར་གྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་འབྲེལ། ཁོང་ཚོར་ཁེ་སྤོགས་ཀྱང་བགོ་གི་ཡོད”ཅེས་བཤད་པ་དང་། ཁྱིམ་གྱི་སྒོ་ཁར་ལས་ཞུགས་བྱེད་སྟངས་དེ་ནི་དུད་ཚང་དབུལ་པོའི་ངོས་ནས་བརྗོད་ན་ཧ་ཅང་བརྟན་པོ་ཡོད་ལ་ཕྱི་རུ་གླ་པར་འགྲོ་བ་དང་བསྡུར་ཚེ་དེ་གར་སྐད་བརྡ་འཕྲོད་པ་དང་། འགྲིམ་འགྲུལ་སྟབས་བདེ་བ། འཚོ་བའི་གོམས་གཤིས་གཅིག་མཚུངས་ཡིན་པ་བཅས་ཀྱི་ལེགས་ཆ་ལྡན་ཡོད་ཅེས་བཤད།