འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།ཕྱིར་སྡོད་རང་མིའི་ཁེ་ལས་ཀྱིས་མཚོ་སྔོན་བོད་རིགས་ས་ཁུལ་གྱི་སློབ་མར“རྒྱང་ཁྲིད་སློབ་ཚན”འཁྲིད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་རྒྱ་ཡིག་སློབ་གསོའི་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཕྱིར་སྡོད་རང་མིའི་ཁེ་ལས་ཝན་མེ(ཀྲུང་གོ)ཚད་ཡོད་ཀུང་སི་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་རྒྱང་ཁྲིད་སློབ་གསོའི་སློབ་ཚན་འཁྲིད་པ་རེད།
       སློབ་ཚན་ཚོགས་པའི་ཉིན་དང་པོར་ཡུལ་ཤུལ་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་པར་མི་དམངས་ཤོག་སྒོར་ཁྲི་100རི་བའི་རྒྱང་ཁྲིད་སློབ་གསོའི་ཡོ་བྱད་ཞལ་འདེབས་བརྒྱབ་པའི་ནང་པེ་ཅིང་སློབ་འབྲིང་བཞི་པའི་དྲ་བའི་སློབ་གྲྭའི་རྒྱང་ཁྲིད་སློབ་གསོའི་སློབ་ཚན་དང་ཧོང་ཙའོ་པེའོ་ཚོགས་པའི་སྤེལ་རེས་ཉམས་ཞིབ་རྣམ་པའི་དངོས་ལྗོངས་སློབ་ཚན་སོགས་ཡོད་པ་རེད།
       ཡུལ་ཤུལ་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་པའི་འགན་འཁུར་བས། ང་ཚོའི་སློབ་གྲྭ་ནི་ས་གནས་ཀྱིས་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་ཐོན་ཁུངས་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད་གསར་དུ་བཙུགས་པའི་སློབ་འབྲིང་ཞིག་རེད། སློབ་གྲྭའི་མཁྲེགས་ཆས་ཆ་རྐྱེན་ཅུང་ཡག་པོ་ཡོད་ཀྱང་། མཉེན་ཆས་ཀྱི་ཆ་རྐྱེན་དང་ལྷག་པར་དུ་དགེ་རྒན་གྱི་སྟོབས་ཤུགས་བལྟོས་བཅས་ཀྱིས་ཉམས་ཞན་ཡིན་ལ་གསར་དུ་བསྡུས་པའི་དགེ་རྒན་ལ་སློབ་ཁྲིད་ཀྱི་ཉམས་མྱོང་དེ་ཙམ་མེད་ཅེས་ངོ་སྤྲོད་བྱས།
      ཀྲུང་གོ་རྒྱ་ཡིག་སློབ་གསོའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཕྱི་རྒྱལ་དུ་ཐོག་མཐའ་བར་གསུམ་དུ་རྒྱ་ཡིག་སློབ་གསོའི་ལས་དོན་ལ་གཞོལ་ཞིང་། 2006ལོར་ཐེབས་རྩ་ལྷན་ཚོགས་དེས་གོ་ལ་ཧྲིལ་པོའི་རྒྱལ་ཁབ198(ས་ཁུལ)ཀྱི་རྒྱ་ཡིག་སློབ་གྲྭ་ཁྲི་2ལྷག་ཙམ་ལ་རྒྱང་ཁྲིད་སློབ་གསོ་སྤེལ་འགོ་ཚུགས་པ་དང་ཧ་ཅང་འཐུས་སྒོ་ཚང་བའི་རྨང་གཞིའི་སློབ་ཁྲིད་གསོ་སྦྱོང་གི་མ་ལག་དང་ཆེས་སྔོན་ཐོན་གྱི་སྤེལ་རེས་རྣམ་པའི་སློབ་ཁྲིད་གསོ་སྦྱོང་བྱེད་ཐབས་ཡོད་པ་རེད།
      འདི་ནི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོ་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་ཝན་མེ(ཀྲུང་གོ)ཚད་ཡོད་ཀུང་སི་དང་མཉམ་དུ་ཀྲུང་གོའི་རྒྱལ་ནང་དུ་རྒྱང་ཁྲིད་སློབ་གསོའི་སློབ་ཚན་ཚོགས་ཐེངས་དང་པོ་དེ་རེད། དགེ་རྒན་གྱི་སྟོབས་ཤུགས་མི་འདང་བའི་གནད་དོན་ལ་དམིགས་ཏེ་རྒྱང་ཁྲིད་སློབ་གསོའི་སློབ་ཁྲིད་དང་དགེ་རྒན་ཕྱིར་གཏོང་སྤེལ་རེས་ཀྱི་བྱེད་ཐབས་ཐོག་ནས་ཡུལ་ཤུལ་གྱི་དགེ་སློབ་ལ“འཛམ་གླིང་གི་སྐར་ཁུང”ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་ཐེབས་རྩ་ལྷན་ཚོགས་རྣམ་གྲངས་པུའུ་གཉིས་པའི་འགན་འཁུར་བས་བརྗོད།