འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།ཀྲུང་གོའི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”ལ“མཁའ་དབྱིངས་ཀྱི་ཟམ་པ”བསྐྲུན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། འདི་ལོའི་ལོ་འགོར་ཁམ་ཕུ་ཁྲེར་མ་དངུལ་བཏང་ནས་ལས་གཏོད་ལོ་མང་བྱས་པའི་ཀྲུང་གོའི་ཚོང་པ་ཝུའུ་ཡུས་ཝུན་ལ་རང་ཉིད་ཀྱིས་ཚོང་དོན་མཁའ་ལམ་ཞིག་གཏོད་རྒྱུའི་བསམ་བློ་འཁོར།
         དེ་གོང་གི་ལོ་10ལྷག་ཙམ་རིང་ཁོང་གིས་ཁམ་ཕུ་ཁྲེ་དང་། འབར་མ། ཝེ་ཐེ་ནམ་སོགས་སུ་ཚོང་བརྒྱབ་པ་དང་བཟོ་གྲྭ་བཙུགས་ནས་གཙོ་བོ་ཚོང་གཉེར་དང་། ཁྱིམ་ཆས་བཟོ་བ། ཨར་ཁང་གཉེར་བ་བཅས་བྱས་ཡོད་མོད། འོན་ཀྱང་ཁམ་ཕུ་ཁྲེའི་གྲོང་ཁྱེར་ཤིས་ཧ་ནུ་ཁེ་གྲུ་ཁར་འགྱུར་ལྡོག་བྱུང་བ་དེས་ཁོང་ལ་ཁྱབ་ཁོངས་གཞན་ཞིག་ཏུ་བྱ་གཞག་གཏོད་རྒྱུའི་བསམ་བློ་འཁོར་ཡོད།
        ཁོང་གིས“ཤིས་ཧ་ནུ་ཁེ་གྲུ་ཁ་ནི་ལོ་40ཡི་གོང་གི་ཀྲུང་གོའི་ཧྲེན་ཀྲེན་དང་འདྲ་བར་དེ་གར་གསར་དུ་བསྐྲུན་པའི་ཐོན་ལས་གླིང་ཁུལ་ལ་ཡིད་དབང་འགུག་ཤུགས་ལྡན་ནས་མི་མང་པོ་དེ་གར་འགྲོ་ཡི་ཡོད་མོད། འོན་ཀྱང་དེ་སྔའི་མཁའ་ལམ་ཧ་ཅང་སྟབས་བདེ་པོ་མེད”ཅེས་བཤད།
        ཝུའུ་ཡུས་ཝུན་གྱི་ཕ་ཡུལ་ཀོང་ཏུང་ཞིང་ཆེན་ཅེ་དབྱང་གྲོང་ཁྱེར་དུ་ཡོད། དེ་གོང་ས་གནས་དེ་གར་གནམ་ཐང་ཆུང་ཆུང་ཞིག་ལས་མེད་སྟབས་རྟག་ཏུ་མྱུར་བགྲོད་གཞུང་ལམ་དུ་ཆུ་ཚོད་གསུམ་ཙམ་བསྐྱོད་ཚེ་གཞི་ནས་ཀོང་ཀྲོའུ་རུ་འབྱོར་གྱི་ཡོད། དེ་རྗེས་ཀོང་ཀྲོའུ་གནམ་ཐང་ནས་དུས་གཏན་གནམ་གྲུ་བསྡད་དེ་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དུ་བསྐྱོད། དེ་རྗེས་ཡང་ཕ་ནོམ་ཕེན་ནས་རླངས་འཁོར་བསྡད་དེ་ཆུ་ཚོད་5བསྐྱོད་རྗེས་གཞི་ནས་ཤིས་ཧ་ནུ་ཁེ་གྲུ་ཁར་འབྱོར་གྱི་ཡོད་པས་འགྲོ་སྐྱོད་བྱེད་ཐེངས་རེར་ངལ་དུབ་ཧ་ཅང་ཆེན་པོ་ཡོང་གི་ཡོད།
         ཤིས་ཧ་ནུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ཁུལ་ནི་ཁམ་ཕུ་ཁྲེའི་རྒྱ་མཚོའི་གྲུ་ཁ་དང་དཔལ་འབྱོར་དམིགས་བསལ་ཁུལ་ཞིག་རེད། ཉེ་བའི་ལོ་ཤས་ནང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་དང་བསྟུན་ནས་ཀྲུང་གོའི་ཁེ་ལས་ཀྱིས་དེ་གར་མ་དངུལ་འཇོག་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ་མ་ཟད། དེ་གར་ཀྲུང་གོའི་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད།
        ཤིས་ཧ་ནུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ཏུང་ཧྲི་ཀྲང་ཀྲེན་ཅན་ཀང་གིས་འདི་ལོའི་ཟླ་8པའི་བར་གོ་ལ་ཧྲིལ་པོ་ནས་སླེབས་པའི་ཁེ་ལས་125ཡིས་དེ་གར་མ་དངུལ་བཏང་བ་དང་འཕེལ་རྒྱས་བཏང་བའི་ཁྲོད་ཀྲུང་གོའི་མ་འཇོག་ཁེ་ལས་108ཡོད། ཁེ་ལས་དེ་དག་གྱོན་གོས་འཚེམ་བཟོ་དང་། སྒམ་དང་ཀོ་ཆས། ལྕགས་རིགས་འཕྲུལ་ཆས་གློག་རྡུལ། པང་ལེབ་སོགས་སུ་ཁྱབ་ནས་ས་གནས་དེ་གར་ལས་གནས་ཁྲི་2ལྷག་ཙམ་མཁོ་འདོན་བྱས་ཡོད་ཅེས་བཤད།
        ཝུའུ་ཡུས་ཝུན་གྱིས་རང་ཉིད་ཀྱིས་སྔར་འབྱུང་མྱོང་མེད་པའི་གོ་སྐབས་ལ་དམ་འཛིན་བྱས་པ་སྟེ། ཁམ་ཕུ་ཁྲེར་མ་དངུལ་འཇོག་པར་སྐྱོད་མཁན་ཀྲུང་གོའི་ཁེ་ལས་མཁས་ཅན་མང་དག་ཅིག་ཧྲན་ཐོའུ་དང་། ཁྲའོ་ཀྲོའུ། ཅེ་དབྱང་བཅས་ས་ཁུལ་ནས་ཡིན་པས་ས་གནས་གསུམ་སྐོར་བའི་ཅེ་དབྱང་དང་། ཁྲའོ་ཀྲོའུ། ཧྲན་ཐོའུ་བཅས་ཀྱི་རྒྱལ་སྤྱིའི་གནམ་ཐང་ནས་ཁམ་ཕུ་ཁྲེ་བར་མཁའ་ལམ་གསར་པ་ཞིག་ཤར་གཏོང་ཐུབ་པའི་རེ་བ་ཆེན་པོ་བྱེད་པ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
        ཀོང་ཏུང་ཞིང་ཆེན་གནམ་ཐང་དོ་དམ་ཚོགས་པ་ཅེ་དབྱང་དང་། ཁྲའོ་ཀྲོའུ། ཧྲན་ཐོའུ་བཅས་ཀྱི་གནམ་ཐང་ཀུང་སིའི་སྤྱི་ཁྱབ་ཅིང་ལིས་ས་གནས་དེ་གའི་ཁེ་ལས་ཨེ་ཤེ་ཡ་ཤར་ལྷོར་མ་དངུལ་འཇོག་པར་སྐྱོད་པ་དང་ཆབས་ཅིག་ཨེ་ཤེ་ཡ་ཤར་ལྷོའི་ཁེ་ལས་ཁྲའོ་ཀྲོའུ་དང་ཧྲན་ཐོའུ་ས་ཁུལ་དུ་མ་དངུལ་འཇོག་པར་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ས་གནས་གཉིས་པོའི་མཁའ་འགྲུལ་ཁྲོམ་རའི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་ཡོད། འདི་ལོ་ནས་བཟུང་ཁྲའོ་ཀྲོའུ་དང་ཧྲན་ཐོའུ་ས་ཁུལ་ནས་ཁམ་ཕུ་ཁྲེ་བར་གྱི་མཁའ་ལམ་གསར་པ་ཤར་གཏོང་ཐུབ་པ་བྱེད་མཁན་ད་དུང་ཁྲུན་ཆིའུ་མཁའ་འགྲུལ་སོགས་མཁའ་འགྲུལ་ཀུང་སི་མང་པོ་ཡོད་ཅེས་བཤད།
       ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་འཕེལ་རྒྱས་འཆར་འགོད་སིའི་སྐོར་ཞིབ་པ་གཞོན་པ་ཀྲང་ཆིང་གིས“དམངས་སྤྱོད་མཁའ་འགྲུལ་གྱི་རྒྱལ་སྤྱི་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་དེས་ལམ་ཐག་རིང་བ་དང་། ཁྱབ་ཁོངས་རྒྱ་ཆེ་བ། ལས་ཕྱོད་ཆེ་བའི་རང་བཞིན་བཅས་ཀྱི་ཤར་གཏོང་དགོས་མཁོ་བསྐོངས་ནས‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་དང་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་བར་སྐུལ་འདེད་གཏོང་བའི་ཐད་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད”ཅེས་བཤད།
        “ཀྲུང་གོའི་གཤོག་པ”ལས་ཡུལ་སྐོར་བ་དང་མ་དངུལ་འཇོག་མཁན་མང་པོ་ཁམ་ཕུ་ཁྲེར་དབོར་བ་ཙམ་མ་ཟད། ད་དུང་གོ་ལ་ཧྲིལ་པོར་ཁྱབ་པའི་ལག་རྩལ་གསར་གཏོད་དང་སྤེལ་རེས་ཀྱང་བྱས་ཡོད། འདི་ལོའི་ཟླ་7པར་ཀྲུང་དབྱི་ཚན་རྩལ་གསར་གཏོད་ཀྱི་ཤེས་བྱའི་བདག་དབང་ཉོ་ཚོང་ལས་སྟེགས་ཀོང་ཏུང་ཀྲུའུ་ཧའེ་རུ་བཙུགས་ཏེ་ཐོག་མར་ཉོ་ཚོང་བྱས་པའི་ཆེད་ཁེའི་ལག་རྩལ་བཞི་ཚང་མ་དབྱི་སི་རལ་གྱི་ཐེ་ལ་ཝུ་ཕུ་སློབ་ཆེན་གྱི་རེད། ཟླ་བ་གཅིག་སོང་རྗེས་ཀྱི་ཟླ་8ཚེས་2ཉིན་ཀྲུང་གོའི་ཧའེ་ནན་མཁའ་འགྲུལ་གྱིས་ཀོང་ཀྲོའུ་ནས་ཐེ་ལ་ཝུ་ཕུ་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས་པ་རེད།
        ཟླ་9པའི་ཟླ་དཀྱིལ་དུ་འཛམ་གླིང་གི་མཁའ་ལམ་འཕེལ་རྒྱས་ཚོགས་ཆེན་ཀོང་ཀྲོའུ་རུ་འཚོགས་པ་དེ་ནི་ལོ་3ནང་ལས་རིགས་ཀྱི་རྒྱས་ཚོགས་ཀྲུང་གོའི་གྲོང་ཁྱེར་དུ་འཚོགས་ཐེངས་གཉིས་པ་རེད། ཚོགས་ཆེན་གྱི་སྤུས་རྟགས་སྤྱི་ཁྱབ་ལྟ་ཞིབ་པ་ཧྲེ་ཏི་ཧྥུན·སི་མོ་ཡིས་འདི་ལོའི་ཚོགས་ཆེན་གཙོ་གཉེར་ཕྱོགས་གཏན་འཁེལ་བྱེད་སྐབས། ང་ཚོས་མིག་རྒྱང་ཀྲུང་གོར་ཕྱོགས་པ་ནི་ཀྲུང་གོ་འབྱུང་འགྱུར་ལོ་5ཡི་ནང་གོ་ལ་ཧྲིལ་པོའི་མཁའ་འགྲུལ་ཁྲོམ་ར་ཆེ་ཤོས་སུ་འགྱུར་རེ་ཡོད་པས་རེད་ཅེས་བཤད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།