འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་19ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྡུད་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཨ་རི་ནས་
ཐོན་པའི་ནང་འདྲེན་ཚོང་ཟོག་ལ་ཨ་སྒོར་དུང་ཕྱུར་600ཙམ་གྱི་སྒོ་ཁྲལ་མང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྡུད་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཨ་རི་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ལ་ཨ་སྒོར་དུང་ཕྱུར་600ཙམ་གྱི་སྒོ་ཁྲལ་འཕར་མ་བསྡུ་རྒྱུའི་གཏན་འཁེལ་བྱས་ཡོད།
            2018ལོའི་ཟླ་7ཚེས་11ཉིན་ཨ་རི་སྲིད་གཞུང་གིས་ཀྲུང་གོ་ནས་ནང་འདྲེན་བྱེད་པའི་ཨ་སྒོར་དུང་ཕྱུར་2000ཙམ་གྱི་ཚོང་ཟོག་ལ་10%ཡི་སྒོ་ཁྲལ་འཕར་མ་བསྡུ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཟླ་8ཚེས་2ཉིན་ཡང་དཔྱ་ཁྲལ་འཕར་མའི་ཚད་25%བར་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། 2018ལོའི་ཟླ་9ཚེས་18ཉིན་ཨ་རི་སྲིད་གཞུང་གིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་ཨ་སྒོར་དུང་ཕྱུར་2000ཙམ་གྱི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་བསྡུ་རྒྱུའི་ལག་བསྟར་ཁྱབ་བསྒྲགས་བྱས་པ་དང་།   2018ལོའི་ཟླ་9ཚེས་24ཉིན་ནས་བཟུང་སྒོ་ཁྲལ་འཕར་མ་བསྡུ་རྒྱུའི་ཁྲལ་ཚད་10%ཡིན་པ་དང་། 2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་སྒོ་ཁྲལ་འཕར་མ་བསྡུ་རྒྱུའི་ཁྲལ་ཚད་25%བར་མཐོ་རུ་གཏོང་རྒྱུ་རེད། ཨ་རི་ཕྱོགས་ཀྱིས་རང་འདོད་ཁེར་སྒྲུབ་བྱས་པར་བརྟེན་ཀྲུང་ཨའི་ཚོང་དོན་རྩོད་གཞི་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རང་མོས་ཚོང་དོན་དང་།  ཕྱོགས་མང་སྒྲིག་སྲོལ། རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་སྲུང་སྐྱོང་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཨ་སྒོར་དུང་ཕྱུར་600ཙམ་གྱི་རྩིས་ཁྲའི་ཚོང་ཟོག་ལ་སྒོ་ཁྲལ་འཕར་མ་བསྡུ་བའི་བྱ་ཐབས་མ་སྤྱད་དཀའ་མེད་བྱུང་ཡོད།
        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཚོང་དོན་བཅའ་ཁྲིམས་》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྒོ་ཁྲལ་སྲོལ་ཡིག་》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྡུད་ཞིབ་སྲོལ་ཨུ་ཡོན་ལྷན་ཁང་གིས་ཨ་རི་ནས་ཐོན་པའི་དཔྱ་ཁྲལ་གྱི་རྣམ་གྲངས་5207གྱི་ཨ་སྒོར་དུང་ཕྱུར་600ཙམ་གྱི་ཚོང་ཟོག་ལ་སྒོ་ཁྲལ་10%འམ་5%འཕར་མ་བསྡུ་རྒྱུ་ཡིན་ཞིང་། 2018ལོའི་ཟླ་9ཚེས་24ཉིན་གྱི་ཆུ་ཚོད་12དང་སྐར་མ་01ནས་བཟུང་ལག་བསྟར་བྱ་རྒྱུ་རེད། གལ་ཏེ་ཨ་རི་ཕྱོགས་ཀྱིས་ཨུ་ཚུགས་ངང་སྒོ་ཁྲལ་འཕར་མ་བསྡུ་རྒྱུའི་ཁྲལ་ཚད་སྔར་བས་མཐོ་རུ་བཏང་ཚེ། ཀྲུང་གོ་ཕྱོགས་ཀྱིས་དེ་དང་མཚུངས་པའི་ལན་སློག་རྒྱུ་ཡིན། འབྲེལ་ཡོད་དོན་ཚན་ལོགས་སུ་ཡོངས་བསྒྲགས་བྱ་རྒྱུ།
           ཀྲུང་གོ་ཕྱོགས་ཀྱིས་སླར་ཡང་བསྐྱར་བསྒྲགས་བྱ་རྒྱུར། གོང་གསལ་གི་སྒོ་ཁྲལ་འཕར་མ་བསྡུ་བའི་བྱ་ཐབས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ཚོང་དོན་རྩོད་གཞི་ཆེ་རུ་འགྲོ་རྒྱུ་བཀག་སྡོམ་བྱས་པ་ཞིག་ཡིན་ལ། ཨ་རི་ཕྱོགས་ཀྱི་ཕྱོགས་རྐྱང་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ལན་མི་སློག་ཀ་མེད་ཤིག་ཡིན།   ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་ཚོང་དོན་རྩོད་གཞི་སློང་རྒྱུ་མཚམས་འཇོག་བྱས་ནས། ཀྲུང་ཨ་ཕྱོགས་གཉིས་ཀྱིས་འདྲ་མཉམ་དང་། ཁ་དན་ཚིག་གནས། དོན་གཉེར་གྱི་གླེང་མོལ། ཕན་ཚུན་བརྩི་འཇོག་བཅས་བྱས་ནས་ཐུན་མོང་ཐོག་གཉིས་ཁེ་གཉིས་ཕན་གྱི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ཁྱོན་ཡོངས་ལ་སྲུང་སྐྱོང་དང་། ཐུན་མོང་ཐོག་རང་མོས་ཚོང་དོན་གྱི་རྩ་དོན་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་། ཐུན་མོང་ཐོག་འཛམ་གླིང་གི་དཔལ་འབྱོར་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད།