འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་19ཉིན།

༄༅།།མཚོ་སྔོན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་སློབ་གསོར་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་ལག་བསྟར་
ཇུས་གཞི་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་འཕེལ་རྒྱས་འཆར་འགོད་ཁྲུའུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་《མཚོ་སྔོན་ཞིང་ཆེན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་སློབ་གསོར་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་ལག་བསྟར་ཇུས་གཞི(2018ནས་2020ལོ་བར)》བཏོན་ནས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་སློབ་གསོར་བརྟེན་ནས་དབུལ་སྐྱོར་དང་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་ལ་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ“སློབ་གསོ་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པའི”ལས་འགན་དུས་བཀག་ལྟར་བསྒྲུབ་ཐུབ་པའི་འགན་ལེན་བྱས་ཡོད།
    སྔོན་དཔག་བྱས་ན་2020ལོར་སླེབས་སྐབས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་སློབ་གྲྭར་མ་བསྐྱོད་གོང་གི་ལོ་གསུམ་གྱི་ན་འདྲེས་སློབ་ཞུགས་བྱེད་ཚད་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་བཅས་སོ་སོར་《མཚོ་སྔོན་ཞིང་ཆེན་གྱི་སློབ་གསོར་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་འཆར་གཞིའི་》ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལ་སླེབས་རྒྱུ་དང་སློབ་གསོའི་སྤྱིའི་འཕེལ་རྒྱས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སློབ་གསོའི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ། ཁྱིམ་ཚང་དབུལ་པོའི་ཕྲུ་གུ་གཅིག་ཀྱང་མ་ལུས་པ་སློབ་གྲྭ་འགྲིམས་ཐུབ་པ་དང་། སློབ་གསོའི་དུས་མཚམས་ཁག་ཏུ་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་སློབ་གྲྭ་འགྲིམས་པ་ནས་སློབ་གྲྭ་མ་ཐོན་བར་རོགས་རམ་བྱ་རྒྱུ། སློབ་མ་གཅིག་ཀྱང་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་གཞན་པའི་རྐྱེན་གྱིས་སློབ་མཚམས་ཆད་དུ་མི་འཇུག་པ་བཅས་འགན་ལེན་བྱ་རྒྱུ་རེད། གཟིགས་སྐྱོང་སློབ་བསྡུའི་སྲིད་ཇུས་བཟོས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོར་དེ་བས་ཡག་ལ་རིམ་མཐོའི་སློབ་གསོ་ཐོབ་པ་བྱས་ནས་ཚང་མ་ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོའམ་ཡང་ན་ལས་རིགས་གསོ་སྦྱོང་བརྒྱུད་ཁྱིམ་ཚང་དབུལ་སྒྲོལ་དང་སློབ་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འཇོན་ཐང་མངོན་གསལ་དོད་པོས་ཆེ་རུ་འགྲོ་ཐུབ་པ་བྱ་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཤིན་ཏུ་དབུལ་བའི་རྫོང་ཁོངས་སུ་ཡུལ་ཤུལ་ཀྲོའུ་ཡི་ཡུལ་ཤུལ་གྲོང་ཁྱེར་དང་། ཁྲི་འདུ་རྫོང་། ནང་ཆེན་རྫོང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་དང་། མགོ་ལོག་ཀྲོའུ་ཡི་དར་ལག་རྫོང་དང་། དགའ་བདེ་རྫོང་། རྨ་སྟོད་རྫོང་། པད་མ་རྫོང་། རྨ་ཆེན་རྫོང་། རྨ་ལྷོ་ཀྲོའུ་ཡི་རྩེ་ཁོག་རྫོང་དང་། གཅན་ཚ་རྫོང་། རེབ་གོང་རྫོང་། མཚོ་ལྷོ་ཀྲོའུ་ཡི་གསེར་ཆེན་རྫོང་སོགས་རྫོང(གྲོང་ཁྱེར)15ཚུད་ཡོད། ཤིན་ཏུ་དབུལ་བའི་ཤང་དང་གྲོང་ཁྱེར་ཁོངས་སུ་ཡུལ་ཤུལ་དང་། མགོ་ལོག རྨ་ལྷོ། མཚོ་ལྷོ། མཚོ་བྱང་བཅས་ཀྲོའུ་5དང་ཤར་རྒྱུད་ཐན་ཁུལ་གྱི་ཤིན་ཏུ་དབུལ་བའི་ཤང་དང་གྲོང་རྡལ་129ཚུད་པའི་ནང་བོད་རིགས་ས་ཁུལ་གྱི་ཤིན་ཏུ་དབུལ་བའི་ཤང་དང་གྲོང་རྡལ་104དང་ཤར་རྒྱུད་ཐན་ཁུལ་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ཤང་དང་གྲོང་རྡལ་25ཡོད་པ་རེད།
     ཇུས་གཞི་འདིའི་ནང་། ལོ་ལྟར་གྱི་དཔྱིད་ཀ་དང་སྟོན་ཁར་སློབ་འགོ་ཚུགས་རྗེས། རྫོང་ཁག་གི་སློབ་གསོ་སྡེ་ཚན་གྱིས་དབུལ་སྐྱོར་སྡེ་ཚན་དང་མཉམ་དུ་སློབ་གསོའི་དབུལ་སྐྱོར་གྱི་གཞི་རྩའི་གྲངས་གཞིའི་ལས་སྟེགས་ལ་བརྟེན་ནས་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་སློབ་ལོ་ལོན་ཡང་སློབ་གྲྭར་མ་བཏང་བ་དང་སློབ་གྲྭར་འགྲོ་མཚམས་བཞག་པའི་རྒྱུ་རྐྱེན་དབྱེ་ཞིབ་བྱས་ཏེ་ལས་ཀའི་རྩིས་ཐོ་བཀོད་པ་དང་། ལས་འགན་ཁ་གསལ་བཟོ་བ། འགན་འཁྲི་འཁུར་མཁན་སྡེ་ཚན་དོན་འཁྱོལ་བཅས་བྱས་ནས་ས་གནས་དེ་གའི་སློབ་ལོ་ལོན་ཡང་སློབ་གྲྭར་མ་བཏང་བའི་རྒྱུ་རྐྱེན་གཙོ་བོར་དམིགས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དབུལ་སྐྱོར་དང་སློབ་གསོའི་སྡེ་ཚན་དུ་རིམ་པ་བཞིན་གོང་ཞུ་བྱེད་དགོས་པ་དང་། ཤིན་ཏུ་དབུལ་བའི་རྫོང་གི་འོས་འགན་སློབ་གསོའི་སློབ་གྲྭས་སློབ་གྲྭའི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ་འཛིན་གྲྭ་གཅིག་ལ་སློབ་མ་མང་དྲགས་པའི་སྣང་ཚུལ་གཞི་རྩའི་ཆར་མེད་པར་བཟོ་བ་དང་། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཟ་ཁང་དང་། དྲོད་ལེན། གསང་སྤྱོད་སོགས་འཚོ་བའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཡག་ཏུ་བཏང་ནས་ཞིང་ཆེན་རིམ་པའི་ཚད་གཞི་ཅན་གྱི་སློབ་གཉེར་ཆ་རྐྱེན་འཛོམས་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཁྱིམ་ཚང་དབུལ་པོའི་བུ་ཕྲུག་དང་། གཞིས་ལུས་བྱིས་པ། དབང་པོ་སྐྱོན་ཅན་བྱིས་པ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་བྱིས་པར་འོས་འགན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་རོགས་སྐྱོར་དང་དོ་དམ་བྱས་ཏེ་དབང་པོ་སྐྱོན་ཅན་བྱིས་པ་ལོ་ཆུང་གི་དོན་དངོས་གནས་ཚུལ་ལ་དམིགས་ནས་མཉམ་དུ་སློབ་སྦྱོང་དང་། དམིགས་བསལ་སློབ་གསོའི་སློབ་གྲྭར་སློབ་སྦྱོང་། གྲོང་ཚོའི་སྨན་པ་དང་མཉམ་དུ་སྒོ་རྩར་སློབ་ཁྲིད་སོགས་བྱེད་ཐབས་བརྒྱུད་ནས་སློབ་ལོ་ལོན་པའི་དབང་པོ་སྐྱོན་ཅན་བྱིས་པ་ལོ་ཆུང་ཚང་མ་སློབ་གྲྭ་འགྲིམས་ཐུབ་པའི་འགན་ལེན་བྱས་ནས་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
     ཡིག་ཚགས་དང་གཱ་བཟོས་པའི་སློབ་མ་དབུལ་པོ་ཚང་མར་རོགས་སྐྱོར་འགན་ལེན་ཐུབ་ཆེད། མཚོ་སྔོན་གྱིས་ལོ་15ཡི་རིན་མེད་སློབ་གསོའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་མཐོ་རིམ་སློབ་གསོ་དང་དེ་བཞིན་ཞིབ་འཇུག་སློབ་མར“བྱ་དགའ་དང་། རོགས་དངུལ། དངུལ་བུན། རོགས་སྐྱོར། ཁ་གསབ། རྩ་ཆག”བཅས་དང་། དེ་བཞིན་སློབ་ཞུགས་ཐོགས་མེད་བགྲོད་ལམ་སོགས“རྣམ་པ་སྣ་ཚོགས་མཉམ་བསྲེས”ཀྱི་རོགས་དངུལ་སྤྲོད་ཐབས་ལག་བསྟར་བྱས་པ་བརྒྱུད། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མར་རོགས་སྐྱོར་སྲིད་ཇུས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་མཐོ་འབྲིང་ལས་རིགས་སློབ་གླིང་དང་སློབ་གྲྭ་དང་མཐོ་སློབ་དཀྱུས་མའི་སློབ་གླིང་དུ་སློབ་སྦྱོང་བྱེད་པའི་སློབ་སྐྱོར་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་ནས་ད་ཡོད་སྲིད་ཇུས་ཀྱི་རྨང་གཞིའི་ཁར། མཐོ་འབྲིང་ལས་རིགས་སློབ་གསོ་མྱོང་བཞིན་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ལ་མི་རེར་ལོ་རེར་ཁ་གསབ་ཚད་གཞི་སྒོར་5000བར་མང་དུ་གཏོང་རྒྱུ་དང་མཐོ་སློབ་དཀྱུས་མའི་སློབ་གསོ་མྱོང་མཁན་མི་རེར་ལོ་རེར་ཁ་གསབ་ཚད་གཞི་སྒོར་10000བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།