འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་19ཉིན།

༄༅།།སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། 

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་ སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། སྒྱུར་བཅོས་ནི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་རྩ་བའི་སྒུལ་ཤུགས་ཤིག་ཡིན་ཞིང་། སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཚེ་གཞི་ནས་རང་རྒྱལ་གྱི་སློབ་གསོ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བ་དང་ཇི་ཙམ་གཉེར་བ་དེ་ཙམ་གྱིས་སྟོབས་ཆེར་འགྲོ་སྲིད།
     རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་རང་རྒྱལ་གྱི་སློབ་གསོའི་བྱ་གཞག་གི་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ་སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གཙོ་གནད་ཐོག་བཀོད་སྒྲིག་གནང་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་མཐའ་གཅིག་ཏུ་སེལ་ཆེད་ཁ་ཕྱོགས་དང་ལམ་ཕྱོགས་གསལ་སྟོན་གནང་བ་དེས་སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སློབ་གསོ་དེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བས་མཚོན་རྟགས་རང་བཞིན་དང་ཁྲིད་སྟོན་རང་བཞིན་གྱི་སྒྱུར་བཅོས་བྱ་ཐབས་ཁག་ཅིག་ལ་ཕན་འབྲས་མངོན་གསལ་ཐོན་ཡོད། འོན་ཀྱང་སློབ་གསོ་སྒྱུར་བཅོས་ཐད་གནས་མང་བ་དང་ཁྱབ་ཆེ་བས་ད་དུང་སྒྲུབ་དགོས་པའི་བྱ་བ་མང་དག་ཅིག་ཡོད་པ་མ་ཟད། མིག་སྔར་རང་རྒྱལ་གྱི་སློབ་གསོའི་ཐད་ད་དུང་མངོན་གསལ་དོད་པའི་གནད་དོན་དང་ཞན་ཆ་ཁ་ཤས་ཡོད་པ་མཐོང་ཐུབ་པ་བྱེད་དགོས། གནད་དོན་འདི་དག་སེལ་དགོས་ཚེ་ངེས་པར་དུ་སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་སློབ་གསོའི་སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། མཉམ་ལས་རང་བཞིན་བཅས་ལ་དེ་བས་མཐོང་ཆེན་བྱས་ཏེ་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ནས་སྒྱུར་བཅོས་ལ་བརྟེན་ནས་གསོན་ཤུགས་རྒྱས་པ་དང་སྒུལ་ཤུགས་འཕེལ་བ་བྱེད་དགོས།
     སློབ་གསོའི་སྒྲིག་སྲོལ་སྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དེ་རང་རྒྱལ་གྱི་སློབ་གསོ་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་། སློབ་གསོའི་སྤྱི་ཕན་རང་བཞིན་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་སློབ་གསོ་གཞུང་དྲང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་གཞི་རྩའི་སློབ་གསོའི་སྲིད་ཇུས་སུ་བརྩི་དགོས། སློབ་གསོ་དྲང་གཞག་ནི་སྤྱི་ཚོགས་དྲང་གཞག་གི་རྨང་གཞི་གལ་ཆེན་ཡིན་པས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མི་ཚང་མར་སློབ་གསོ་མྱོང་བའི་གོ་སྐབས་ཧུར་ཐག་བཏོད་པ་དང་རང་ངོས་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ། མི་དམངས་ལ་ཕན་བདེ་བསྐྲུན་པ་བཅས་ཀྱི་ནུས་པ་ལྡན་པ་བྱེད་དགོས། མི་ཚང་མའི་མི་ཚེ་གཅིག་དང་འབྲེལ་བ་ཡོད་པའི་སློབ་གསོ་མགྱོགས་མྱུར་གཉེར་ཐུབ་པ་བྱས་ཏེ་སློབ་སྦྱོང་བྱ་རྒྱུ་དེ་མི་ཚང་མའི་འཚོ་བའི་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་ཤིག་ཏུ་འགྱུར་བ་བྱེད་པ་དང་། མི་ཚང་མས་སྦྱོང་ཐུབ་པ་དང་། གང་ས་ནས་སྦྱོང་ཐུབ་པ། དུས་དང་རྣམ་པ་ཀུན་ཏུ་སྦྱོང་ཆོག་པ་བཅས་ཡོང་བ་བྱེད་དགོས་པ་དང་། འདྲ་མཉམ་ངང་མི་ཚང་མར་ཕྱོགས་པའི་སློབ་གསོ་གང་མགྱོགས་གཉེར་ནས་མི་ཚང་མར་ཕོ་མོ་དང་། 
     གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས། དབུལ་ཕྱུག མི་རིགས་བཅས་མི་དབྱེ་བར་སློབ་གསོ་ཡག་པོ་དང་ལེན་ཐུབ་པ་བྱེད་དགོས་པ། མི་ཚང་མར་འཚམ་པའི་སློབ་གསོ་གང་མགྱོགས་གཉེར་ནས་གཤིས་ཀ་དང་རིག་པ་སྤྱང་མིན་དང་། དགའ་ཕྱོགས་དང་ཁྱད་ཡོན། བྱང་ཚད་དང་བག་ལ་ཞ་བའི་ནུས་པ་བཅས་མི་འདྲ་བའི་སློབ་མ་ཚང་མར་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་གྱི་དགོས་མཁོ་དང་འཚམ་པའི་སློབ་གསོ་དང་ལེན་ཐུབ་པ་བྱེད་དགོས་པ། དེ་བས་སྒོ་དབྱེ་དང་སྟབས་བསྟུན་གྱི་སློབ་གསོ་གང་མགྱོགས་གཉེར་ནས་སློབ་གསོའི་གདམ་ག་དེ་བས་སྣ་མང་དང་འཚར་ལོངས་ལམ་བུ་དེ་བས་ཡངས་པོ་ཡོང་བ་བྱས་ནས་སློབ་རིམ་འཕར་བའི་བགྲོད་ལམ་དང་། ལས་རིགས་གོ་གནས་འཕར་བའི་བགྲོད་ལམ། སྤྱི་ཚོགས་ཡར་རྒྱས་ཀྱི་བགྲོད་ལམ་བཅས་དེ་བས་ཤར་གཏོང་ཐུབ་པ་བྱེད་དགོས།
     སློབ་གསོའི་སྒྲིག་གཞི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་སློབ་གསོའི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཙོ་གནད་ལས་འགན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སློབ་གསོའི་བྱ་གཞག་གོང་འཕེལ་ལ་ཚོད་འཛིན་བཟོ་བའི་སྒྲིག་གཞི་དང་ལམ་སྲོལ་གྱི་འགལ་རྐྱེན་མཐའ་གཅིག་ཏུ་སེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ཁ་གསལ་གཞིར་བཟུང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚན་རིག་དང་མི་མཐུན་པའི་སློབ་གསོའི་གདེང་འཇོག་གི་ཕྱོགས་སྟོན་སྒྱུར་བ། སྐར་གྲངས་དང་། སློབ་འཕར། སློབ་ཐོན་ལག་ཁྱེར། དཔྱད་རྩོམ། ཞྭ་མོ་བཅས་ཁོ་ནར་བརྟེན་པའི་ལུགས་སྲོལ་རྙིང་པ་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་སློབ་གསོའི་གདེང་འཇོག་གི་བཀོད་འདོམས་དབྱུག་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་དགོས། སློབ་གཉེར་སྒྲིག་གཞི་དང་སློབ་གཉེར་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བར་བྱེད་པ་དང་། “ཡག་པོ་སློབ་པ”དང་། “ཡག་པོ་སྦྱོང་བ” “དོ་དམ་ཡག་པོ་བྱེད་པ”བཅས་ལ་དམིགས་ནས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས། སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་དང་། མཐོ་སློབ་ཀྱི་ས་ཁོངས་བཀོད་ཇུས་དང་། རིག་ཚན་གྱི་གྲུབ་ཆ། ཆེད་ལས་བཀོད་སྒྲིག་བཅས་ལེགས་སྒྲིག་དང་བཟང་སྒྲིག་བྱས་ནས་རིག་ཚན་ཆེད་ལས་ཀྱི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་འཛུགས་སྐྱོང་མགྱོགས་མྱུར་བྱེད་པ། ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་གསར་གཏོད་ཀྱི་རྣམ་པ་དང་། མཉམ་འདུས་ཀྱི་རྣམ་པ། བཀོལ་སྤྱོད་ཀྱི་རྣམ་པ་བཅས་ཀྱི་ཤེས་ལྡན་མི་སྣ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། སློབ་གསོའི་སྒོ་དབྱེ་རྒྱ་ཆེར་བཏང་ནས་མཛའ་གླིང་གི་ཐོན་ཁུངས་རྩེ་གྲ་དང་མཉམ་དུ་ཆུ་ཚད་མཐོ་བའི་མཉམ་ལས་སློབ་གཉེར་བྱས་ཏེ་རང་རྒྱལ་གྱི་སློབ་གསོས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས།
     “བྱ་བ་གསར་རྙིང་བརྗེ་སྒྱུར་བྱེད་པས། དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འཕེལ་མེད་རང་སོར་གནས་མི་ཐུབ་པ”ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ནན་ཏན་བྱས་ཏེ། སློབ་གསོའི་ཆོས་ཉིད་དང་། ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་སློབ་གསོའི་སྒྲིག་གཞི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཚེ། ང་ཚོར་གསོན་ཤུགས་རྒྱས་པ་དང་། ལས་ཆོད་ཆེ་བ། དེ་བས་སྒོ་དབྱེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་པ་བཅས་ཀྱི་སློབ་གསོའི་སྒྲིག་གཞི་དང་ལམ་སྲོལ་ཞིག་ཆགས་ངེས་ཡིན་ལ། ང་ཚོའི་སློབ་གསོར་མི་དམངས་བློ་ཡིད་ཚིམ་པོ་ཡོང་ངེས་རེད།