འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་18ཉིན།

༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་ལ་འཚམས་འདྲི་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་18ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན། མོལ་གོལ་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་མོང་གོལ་རྒྱལ་ཁབ་ཀྱི་ལས་རིགས་སོ་སོའི་མི་སྣ་དང་བཞུགས་མོལ་དང་མཛའ་བརྩེའི་གླེང་མོལ་བྱས་ཡོད་པ་རེད།
     ཐེངས་འདིའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པའི་ཚོགས་གཙོ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་ཚན་ཁག་གི་ཨུ་ཡོན་ཧོ་ཧྲི་ཡོན་གྱིས་འགན་འཁུར་ཡོད་པ་དང་། ཚོགས་མི་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཅུས་ཀྱི་དཔོན་རིགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་མཁས་པ། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱི་ཕྱོགས་རིག་གནས་སྤེལ་རེས་ཀྱི་དཔོན་རིགས་དང་སྤྲུལ་སྐུ་སོགས་ཡོད།
     ཉིན་དེའི་བཞུགས་མོལ་ཚོགས་ཚོགས་འདུའི་ཐོག་ཏུ། ཧོ་ཧྲི་ཡོན་གྱིས། ཀྲུང་གོ་ནི་ས་ཁོངས་ཡངས་ཤིང་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མཐོ་སྒང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་པའི་བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ལས་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ། དེང་རབས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གོ་རིམ་ཁྲོད་དུ་བོད་ཀྱི་རིག་གནས་སོགས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཇི་ལྟར་སྲུང་སྐྱོང་བྱ་རྒྱུ་དེ་ཀྲུང་གོའི་ངོས་ནས་བཤད་ན་འོས་འགན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་སྲིད་གཞུང་གིས་དེའི་ཐད་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དོ་ཁུར་ཆེན་པོ་གནང་བཞིན་ཡོད་པ། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱི་ཆོས་ལུགས་རིག་གནས་བགྲོ་གླེང་ལ་ལོ་རྒྱུས་ཡུན་རིང་ལྡན་ལ། ཐུན་མོང་གི་ཁྱད་ཆོས་མང་ཞིང་། མཉམ་ལས་སྤེལ་རེས་ཀྱི་བག་ཉལ་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པར་བཤད། 
     ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་རྩ་འཛུགས་བྱས་ནས་མངགས་པ་དང་། ཚེས་15ཉིན་ནས་མོང་གོལ་ལ་འཚམས་འདྲིར་བསྐྱོད་པ་དང་། དེའི་རིང་ལ། སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་དབང་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི། དེ་བཞིན་དུ་སྨྱན་སྦྱོར་སོགས་དང་སྤེལ་རེས་བྱས་ཤིང་། བོད་ལྗོངས་དང་ཡུན་ནན་བདེ་ཆེན་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། བོད་བརྒྱུད་ནང་བསྟན་གྱི་གནས་ཚུལ། བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཐད་ཀྱི་སྲིད་ཇུས་སོགས་ངོ་སྤྲོད་བྱས་པ་བརྒྱུད། མོང་གོལ་རྒྱལ་ཁབ་ཀྱི་ལས་རིགས་སོ་སོར་ཀྲུང་གོའི་བོད་ཀྱི་རིག་གནས་ལ་རྒྱུས་མངའ་གཏིང་ཟབ་མོ་ལོན་པར་བཅུག་ཡོད། 
   མོང་གོལ་ནི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཡ་གླིང་དུ་བསྐྱོད་པའི་འབབ་ཚིགས་གཉིས་པ་ཡིན་པ་དང་། འདིའི་སྔོན་དུ། འཐུས་མི་ཚོགས་པས་ཉི་ཧོང་དུ་འཚམས་འདྲི་བྱས་པ་དང་། ཚེས་18ཉིན་ཁོ་རེ་ཡ་ལྷོ་མ་རུ་འཚམས་འདྲིར་བསྐྱོད་རྒྱུ་རེད།