འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་18ཉིན།

༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་རི་པིན་དུ་འཚམས་འདྲིར་ཕེབས་ཏེ་ལས་རིགས་ཁག་གིས་
བོད་ཀྱི་རིག་གནས་ཤེས་རྟོགས་ཟབ་ཏུ་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་18ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་མངགས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཉེ་དུས་རི་པིན་དུ་འཚམས་འདྲི་གནང་བ་རེད། འཚམས་འདྲི་གནང་རིང་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་རི་པིན་རྒྱལ་ཚོགས་ཀྱི་གྲོས་མི་དང་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དེ་བཞིན་རི་པིན་གྱི་སྨྱན་སྦྱོར་གཙོ་བོ་སོགས་དང་སྤེལ་རེས་གཏིང་ཟབ་གནང་བ་མ་ཟད། བོད་དང་ཡུན་ནན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། བོད་བརྒྱུད་ནང་བསྟན་གྱི་གནས་ཚུལ་དང་དེ་བཞིན་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་མདུན་ལམ་ངོ་སྤྲོད་གནང་སྟེ་རི་པིན་ལས་རིགས་ཁག་གིས་ཀྲུང་གོའི་བོད་ཀྱི་རིག་གནས་ཤེས་རྟོགས་ཟབ་ཏུ་བཏང་བ་རེད།
        ད་ཐེངས་ཀྱི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པའི་ཚོགས་གཙོ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གནས་ཚན་ཁག་གི་ཨུ་ཡོན་ཧའོ་ཧྲི་ཡོན་ཡིན་པ་དང་། ཁོངས་མིའི་གྲས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཅུས་ཀྱི་དཔོན་རིགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་མཁས་དབང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཕྱི་ཕྱོགས་རིག་གནས་སྤེལ་རེས་ཀྱི་དཔོན་རིགས་དང་སྤྲུལ་སྐུ་སོགས་ཡོད་པ་རེད།
        ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་རི་པིན་རྒྱལ་ཚོགས་ཀྱི་གྲོས་མི་ཨུ་ཡོན་ལྷན་ཁང་དང་རི་ཀྲུང་མཛའ་གྲོགས་ཀྱི་གྲོས་མི་མནའ་འབྲེལ་གྱི་ཁོངས་མི་དང་བཞུགས་མོལ་གནང་བ་རེད། ཧའོ་ཧྲི་ཡོན་གྱིས་ཤིས་ཚིག་གསུང་སྐབས། ཀྲུང་གོ་ནི་ས་རྒྱ་ཤིན་ཏུ་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་དུས་མཚུངས་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཀྱང་རེད། བོད་རིགས་ཀྱིས་རྒྱུན་འཛིན་བྱེད་པའི་བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་དེ་ཉིད་ས་མཐོའི་རིག་གནས་ཡིན་པའི་ངོས་ནས་ཁྱད་ཆོས་ཧ་ཅང་ཆེན་པོ་ལྡན་ཏེ་དེང་རབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་ཇི་ལྟར་བྱས་ཏེ་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཀྲུང་གོའི་ངོས་ནས་བརྗོད་ན་ལས་འགན་གལ་ཆེན་ཞིག་རེད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས། རི་ཀྲུང་མཛའ་གྲོགས་ཀྱི་གྲོས་མི་མནའ་འབྲེལ་གྱི་ཚོགས་གཙོ་རིག་གནས་ཚན་ཁག་གི་ཚན་རིག་བློན་ཆེན་ལིན་ཧྥང་ཀྲེང་གིས་ཉེ་དུས་རི་ཀྲུང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་རི་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བཞིན་ཡང་དག་པའི་སྲོལ་ལམ་ཐོག་སླར་གསོ་བྱུང་ཡོད་ཅེས་གསུངས་ཤིང་། ཁོང་གིས་རྒྱལ་ཁབ་གཉིས་པོས་དེ་དང་འདྲ་བའི་སྤེལ་རེས་བྱེད་སྒོ་སྔར་བས་མང་བ་སྤེལ་ནས་ང་ཚོས་བོད་དང་ཡུན་ནན་བོད་རིགས་ས་ཁུལ་གྱི་བོད་ཀྱི་རིག་གནས་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་གཏོང་བ་དང་དུས་མཚུངས་རི་ཀྲུང་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་རྒྱུར་སྙིང་དབུས་ནས་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས།
         དེ་རྗེས་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་གྲོས་མི་ཚོར་བོད་དང་ཡུན་ནན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་གནང་བ་དང་ཆབས་ཅིག བོད་རིགས་ཀྱི་རྒྱུན་གཏན་འཚོ་བ་དང་། བོད་ཡིག་གི་ཆོས་ལུགས་བསྟན་བཅོས་བསྡུ་རུབ་ལེགས་སྒྲིག དགོན་སྡེའི་པར་ཤིང་རྐོ་བའི་སྲོལ་རྒྱུན། བོད་ཀྱི་རིག་གནས་རྒྱུན་འཛིན་སོགས་གནད་དོན་ཐད་བཏོན་པའི་གྲོས་མི་ཚོའི་དྲི་བར་ལན་བསྐྱོན་པ་རེད། དེ་གར་ཡོད་པའི་གྲོས་མི་ཚོས་བོད་ཀྱི་རིག་གནས་ལ་ཧ་ཅང་དགའ་སྣང་བྱེད་པའི་རྣམ་པ་མཚོན་པར་བྱས་ནས་སླད་ཕྱིན་བོད་དང་ཡུན་ནན་བོད་རིགས་ས་ཁུལ་སོགས་སུ་འཚམས་འདྲིར་བསྐྱོད་པའི་གོ་སྐབས་ཐོབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
       འཚམས་འདྲི་གནང་རིང་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཐོ་ཁེའོ་གྲོང་ཁྱེར་དུ་གནས་པའི་ཁྲང་ཐའེ་སྒྲུབ་དགོན་དང་རི་པིན་གྱི་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་སྤེལ་རེས་གནང་བ་དང་ཕྱོགས་མཚུངས་ཀྲུང་རིའི་གཙོ་རྒྱུན་སྨྱན་སྦྱོར་24ཡི་གསར་འགོད་པ་དང་བཞུགས་མོལ་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་པ་རེད།
       རི་པིན་ནི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ད་ཐེངས་ཨེ་ཤེ་ཡར་ཕེབས་པའི་ས་ཚིགས་དང་པོ་ཡིན་པ་མ་ཟད། ཚོགས་པ་དེས་ད་དུང་མོང་གོལ་རྒྱལ་ཁབ་དང་ཧན་གོར་འཚམས་འདྲི་གནང་རྒྱུ་རེད།