འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་18ཉིན།

༄༅།།མཚོ་སྔོན་གྱིས་སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་18ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ན་ནིང་ཟླ་9པ་ནས་བཟུང་སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གཞིར་བཟུང་། ལོ་7ནས་15བར་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭར་འགྲོ་མཚམས་བཞག་པའམ་ཡང་ན་སློབ་ཤོར་གྱི་སློབ་ལོ་ལོན་པའི་བྱིས་པ་ཁྱོན་29600ལྷག་ཙམ་མཐིལ་རྟོགས་གྲལ་བཤེར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ལས་བྱེད་པ་དང་སློབ་གྲྭའི་དགེ་རྒན་བཅས་ཁྲི་3ལྷག་ཙམ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཀུན་སློང་སློབ་གསོ་སྤེལ་བ་བརྒྱུད། མིག་སྔར་སློབ་ལོ་ལོན་པའི་བྱིས་པ་ཁྲི་2.65སློབ་གྲྭར་ལོག་ནས་ཁ་ཏ་བྱས་ནས་ཕྱིར་སློབ་གྲྭར་ལོག་པའི་བསྡུར་གྲངས་89%ཟིན་ཡོད་པ་རེད།
     མཚོ་སྔོན་མགོ་ལོག་ཀྲོའུ་པད་མ་རྫོང་སེ་ལེ་ཐང་གྲོང་རྡལ་གྱི་ལོ་11ལ་སླེབས་པའི་ཡེ་མོ་མ་གཞི་བྱས་ན་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་དུ་སློབ་སྦྱོང་བྱེད་བཞིན་ཡོད། ཕ་མ་གཉིས་སློབ་གྲྭར་འགྲོ་མྱོང་མེད་པས་ཕྲུ་གུ་སློབ་གྲྭར་གཏོང་བའི་འདུ་ཤེས་ཞན་པའི་ཁར་ནོར་ལུག་མང་པོ་ཡོད་པ་དང་ངལ་རྩོལ་ནུས་ཤུགས་ཉུང་བས་ཡེ་མོ་སློབ་གྲྭར་འགྲོ་མཚམས་བཞག་ནས་ཕྱུགས་རྫི་བྱེད་ཀྱི་ཡོད། སེ་ལེ་ཐང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལས་དོན་རུ་ཁག་བཙུགས་ཏེ་དུད་ཚང་དུ་སྐུལ་སློང་བྱེད་པར་བསྐྱོད་པ་དང་། ཐོག་མར་ཁྱིམ་བདག་གིས་གཞོགས་འདེགས་དེ་ཙམ་མི་བྱེད་པར་ཕྲུ་གུ་སློབ་གྲྭར་མི་གཏོང་བ་ནི་རང་ཉིད་ཀྱི་ཁྱིམ་གྱི་དོན་དག་ལ་བརྩིས་ནས་སྐུལ་ལྕག་ཕྱིར་ལོག་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། གྲོང་རྡལ་གྱིས་སླར་ཡང་གཞི་རིམ་གྱི་ལས་དོན་ཐད་ཉམས་མྱོང་ཕུན་སུམ་ཚོགས་པའི་ལས་བྱེད་པ་རྒན་གྲས་སྒྲིག་འཛུགས་བྱས་ནས་ཡང་སྐོར་བསྐྱར་སྐོར་གྱིས་ལས་དོན་བསྒྲུབས་པ་དང་ཁྱིམ་བདག་ལ་ཕྲུ་གུ་སློབ་གྲྭར་གཏོང་བའི་གལ་ཆེའི་རང་བཞིན་ཞིབ་ཕྲ་བཤད་པས་མཐར་ཕྲུ་གུ་སློབ་གྲྭར་ཕྱིར་ལོག་ཐུབ་པ་རེད།
     དེ་སྔོན་གྱི་སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་དོན་གྱི་གཞི་གྲངས་གསལ་པོ་མེད་པ་དང་དམིགས་ཚད་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ལ་གཞིགས་ནས། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་རྒྱལ་ཡོངས་ཀྱི་སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་གཞི་གྲངས་ཞིབ་བསྡུར་དང་ཚད་བསྡུར་མ་ལག་གི་ལས་སྟེགས་ཐོག་མ་ཞིབ་བཟོ་གསར་སྤེལ་བྱས་པ་དང་། གཞི་གྲངས་ཀྱི་དབྱེ་ཞིབ་ལ་གཞིགས་ནས་གནད་དོན་ཅུང་མངོན་གསལ་དོད་པའི་རྫོང་21ལས་ཀའི་གཙོ་གནད་རྫོང་ལ་གཏན་འཁེལ་བྱས་ཏེ། གཙོ་གནད་རྗེས་སྙེག་དང་གཙོ་གནད་སྒྲུབ་རྒྱུར་ལྟ་སྐུལ་བྱས་ཡོད། འདི་ལོ་མཚོ་སྔོན་ཞིང་ཆེན་གྱི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་སྔོན་དཔག་བྱས་ན་96.5%ཟིན་ནས་རྒྱལ་ཁབ་ཀྱི་2020ལོའི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་ཐུབ་ཚད་95%ཡི་འཆར་འགོད་དམིགས་ཚད་ལས་བརྒལ་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས་ཁ་ཏ་བྱས་ནས་ཕྱིར་སློབ་གྲྭར་ལོག་པའི་སློབ་མ་ཁྲི་2ལྷག་ཙམ་གྱི་སློབ་མ་རེའི་ཆ་སྙོམས་ཀྱི་སྤྱི་པའི་འགྲོ་གྲོན་དང་། ཞག་སྡོད་སློབ་མའི་འཚོ་བའི་འགྲོ་གྲོན་ཁ་གསབ། སློབ་མའི་འཚོ་བཅུད་བཟའ་བཅའི་མ་དངུལ་བཅས་དུས་ཐོག་ཏུ་སྤྲད་ཅིང་། ཁ་ཏ་བྱས་ནས་ཕྱིར་སློབ་གྲྭར་ལོག་པ་དང་བསྐྱར་དུ་སློབ་གྲྭར་ཞུགས་པའི་སློབ་མ“སྐྱོད་ཐུབ་པ་དང་། གནས་ཐུབ་པ། སློབ་སྦྱོང་ཡག་པོ་བྱེད་ཐུབ་པ”བཅས་ཀྱི་འགན་ལེན་བྱས་ཡོད།