འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་18ཉིན།

༄༅།།རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡིས་ལག་གདང་སྦྲེལ་ནས་རྨ་ཆུའི་ཡུལ་སྐོར་སྤུས་རྟགས་གཏོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་18ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། རྨ་ཆུའི་རྒྱུད་ཀྱི་ཡུལ་སྐོར་ཐོན་རྫས་ཁེར་རྐྱང་ངང་གཉེར་བ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས“རྨ་ཆུའི་ཡུལ་སྐོར”ལ་རྒྱུས་མངའ་དེ་ཙམ་མེད་པའི་ད་ཡོད་གནས་ཚུལ་ལ་དམིགས་ཏེ་རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡིས་ཚེས་12ཉིན་《ཀྲུང་གོའི་རྨ་ཆུའི་ཡུལ་སྐོར་ཚོགས་ཆེན་གྱི་བསྒྲགས་གཏམ་》ཁྱབ་བསྒྲགས་བྱས་ནས་རྨ་ཆུའི་ཡུལ་སྐོར་སྤྱི་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
     《ཀྲུང་གོའི་རྨ་ཆུའི་ཡུལ་སྐོར་ཚོགས་ཆེན་གྱི་བསྒྲགས་གཏམ་》ནང་རྨ་ཆུའི་རྒྱུད་ཀྱི་གྲོང་ཁྱེར་ཁག་གིས་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་རིམ་པའི་ཀྲུང་ཧྭའི་ཤེས་དཔལ་ཉམས་ལེན་ཡུལ་སྐོར་བཏོད་ནས་རྒྱལ་སྤྱིའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ཀྲུང་གོའི་རྨ་ཆུའི་ལྗོངས་གཟིགས་ཁྱམས་རིང་བསྐྲུན་རྒྱུ་ཡིན་པ་འཁོད་ཡོད།
     རྨ་ཆུའི་ཆུ་འགོ་མཚོ་སྔོན་ཞིང་ཆེན་དུ་ཡོད་པ་དང་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། ཉིང་ཞ། ནང་སོག ཧྲའན་ཤིས། ཧྲན་ཤིས། ཧོ་ནན། ཧྲན་ཏུང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་བརྒྱུད་པ་དང་རང་རྒྱལ་གྱི་ཡུལ་སྐོར་རིག་གནས་ཐོན་ཁུངས་འབེལ་ཤོས་ཀྱི་ཡུལ་སྐོར་ཁུལ་ཞིག་ཡིན། 2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་འགྲེམས་བྱས་པའི་《“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་》ནང་རྒྱལ་ཁབ་ཀྱི་སྤུས་དག་ཡུལ་སྐོར་ཁུལ་10གཙོ་གནད་ཐོག་བསྐྲུན་རྒྱུའི་ནང་རྨ་ཆུའི་ཀྲུང་ཧྭའི་ཤེས་དཔལ་ཡུལ་སྐོར་ཁུལ་ཚུད་ཡོད་པ་བསྟན་པ་རེད།
     ཚེས་12ཉིན་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཀྲུང་གོའི་མང་ཚོགས་ཀྱི་གླེང་ཕྱོགས་བརྟག་དཔྱད་ཚོད་ལྟ་ཁང་དང་ནུབ་བྱང་ཡུལ་སྐོར་རིག་གནས་ཞིབ་འཇུག་ཁང་གིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི《2018ལོའི་ཀྲུང་གོའི་རྨ་ཆུའི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྟོན་གྲངས་སྙན་ཞུའི》ནང་མངོན་དོན། ཉེ་བའི་ལོ་ཤས་རིང་རྨ་ཆུར་ཡུལ་སྐོར་བྱེད་མཁན་མང་བ་དང་ཀྲུང་གོའི་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ལྡན་པའི་ཡུལ་སྐོར་དམིགས་ས་ཆེན་པོ་བཅུའི་གྲས་ཤིག་ཏུ་གྱུར་ནས་རྨ་ཆུའི་རྒྱུད་ཀྱི་ས་གནས་ཁག་གིས་ཀྱང་སྐད་གྲགས་ཆེ་བའི་རྨ་ཆུའི་ཡུལ་སྐོར་མཛེས་ལྗོངས་མང་པོ་བཏོད་ཡོད་མོད། འོན་ཀྱང་ས་གནས་ཁག་གིས་རྨ་ཆུའི་ཡུལ་སྐོར་རིག་གནས་སྔོག་འདོན་དང་ཡུལ་སྐོར་ཐོན་རྫས་གསར་སྤེལ་སོགས་ཐད་སྔར་བཞིན་ཁེར་རྐྱང་ངང་གཉེར་སྐྱོང་བྱེད་པ་དང་ཆུ་ངོགས་དང་དུམ་བུ་དབྱེ་ནས་བཅོས་སྐྱོང་བྱེད་པ་ལས“རྨ་ཆུའི་ཡུལ་སྐོར་ཁུལ”དངོས་སུ་གྲུབ་མེད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས“རྨ་ཆུའི་ཡུལ་སྐོར”ལ་རྒྱུས་མངའ་དེ་ཙམ་མེད་པ་རེད།
     “མིག་སྔར་རྨ་ཆུའི་ཡུལ་སྐོར་དེ་ཚོམ་བུ་གསར་སྤེལ་ནས་ལམ་ཐིག་གསར་སྤེལ་དུ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་ཁེར་རྐྱང་གི་སྤྲོ་གསེང་ནས་ཕྱོགས་བསྡུས་ལས་རྣམ་ལ་འཕེལ་རྒྱས་འགྲོ་བཞིན་ཡོད་མོད། འོན་ཀྱང་སྤྱི་ཡོངས་ནས་བཤད་ན། རྨ་ཆུའི་ཡུལ་སྐོར་གསར་སྤེལ་ཐད་སྔར་བཞིན་སྲིད་འཛིན་ཁུལ་དབྱེ་འབྱེད་དང་ཁག་དབྱེ་ནས་བཅོས་སྐྱོང་གི་སྣང་ཚུལ་ཚབས་ཧ་ཅང་ཆེན་པོ་ཡོད”ཅེས་ནུབ་བྱང་ཡུལ་སྐོར་རོགས་ལས་ཁུལ་གྱི་དྲུང་ཆེ་ཝང་ཞའོ་མིན་གྱིས་བཤད། ཁོང་གིས་མིག་སྔའི་རྒྱལ་སྤྱིའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་བབ་གསར་པ་དང་ཡུལ་སྐོར་ཁྲོམ་རའི་འཛད་སྤྱོད་ཀྱི་ཁྱད་ཆོས་གསར་པར་དམིགས་ཏེ་རྨ་ཆུའི་ཡུལ་སྐོར་སྤུས་རྟགས་གཏོད་པའི་ཐད་གནད་དང་ཁྱོན་ཟུང་འབྲེལ་དང་། སྲུང་སྐྱོང་བེད་སྤྱོད། སྤྱི་ཡོངས་མཐོར་གཏོང་། ས་ཁོངས་སྒྲོལ་བ། ལས་རིགས་སྒྲོལ་བ་བཅས་ཀྱི་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་རྨ་ཆུའི་ཡུལ་སྐོར་སྤུས་རྟགས་འཛུགས་སྐྱོང་དང་རྨ་ཆུའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཀྱི་ཡོད་ཅེས་བཤད་པ་རེད།