འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་18ཉིན།

༄༅།།བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། 

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་18ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ལོ་བརྒྱའི་ཇུས་ཆེན་སློབ་གསོར་རག་ལུས་པ་དང་། སློབ་གསོའི་ཇུས་ཆེན་དགེ་རྒན་ལ་རག་ལུས་ཡོད།
     “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་བསྐྲུན་པར་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་ལ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཐད་ཀྱང་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད”ཟླ་9ཚེས་10ཉིན་གྱི་དགེ་རྒན་དུས་ཆེན་སྐབས་འཚོགས་པའི་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་རྒྱ་ཆེའི་དགེ་རྒན་ཚོས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་གདེང་འཇོག་ཡག་པོ་གནང་བ་མ་ཟད། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་སྟོབས་ཆེན་ཞིག་བསྐྲུན་རྒྱུར་ཐུགས་རེ་ཟབ་མོ་བཅོལ་གནང་བ་དང་འབྲེལ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དེས་རྒྱ་ཆེའི་དགེ་རྒན་ཚོས་དཔེ་ཁྲིད་མི་སྐྱོང་གི་ལས་གནས་ཐོག་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུར་ལྕག་སྐུལ་ཆེན་པོ་ཐེབས་ཡོད།
     དགེ་རྒན་ནི་མིའི་རིགས་ཀྱི་བསམ་པའི་བཟོ་སྐྲུན་ཆེ་མོ་བ་དང་མིའི་རིགས་ཀྱི་ཤེས་དཔལ་འཛིན་སྤེལ་མཁན་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་69སོང་རིང་ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོའི་བྱ་གཞག་ལ་མཐོང་ཆེན་པོ་བྱས་ནས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཡིན་པའི་སློབ་གསོའི་མ་ལག་ཅིག་བཙུགས་ཏེ་མི་དམངས་མང་ཚོགས་དུང་ཕྱུར་དུ་མར་སློབ་གསོ་མྱོང་བའི་དབང་ཆ་འགན་ལེན་ཐུབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ཡོད། ད་ཆ་ང་ཚོར་མི་གྲངས་ཁྲི་1600ལྷག་ཙམ་ཟིན་པའི་དགེ་རྒན་གྱི་དཔུང་ཁག་ཅིག་ཡོད་པ་དེ་ནི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་རེད། དུས་ཡུན་རིང་པོའི་ནང་རྒྱ་ཆེའི་དགེ་རྒན་ཚོས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ་དཔེ་ཁྲིད་མི་སྐྱོང་དང་། སེམས་ནུས་ཡོད་རྒུ་འདོན་པ། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་རང་རྟོགས་ངང་ཤེས་བྱ་ཁྱབ་སྤེལ་དང་། བསམ་བློ་ཁྱབ་སྤེལ། བདེན་དོན་ཁྱབ་སྤེལ་བཅས་བྱེད་པ་མ་ཟད། བླ་སྲོག་གཏོད་པ་དང་། ཚེ་སྲོག་གཏོད་པ། མི་གསར་གཏོད་པ་བཅས་ཀྱི་དུས་རབས་ཀྱི་ལས་འགན་ལྕི་པོ་འཁུར་ནས་ཏང་དང་མི་དམངས་ཆེད་ཤེས་ལྡན་པ་ཕུལ་བྱུང་མང་པོ་གསོ་སྐྱོང་བྱས་པར་སྤྱི་ཚོགས་ཡོངས་ཀྱི་རྒྱ་ཁྱབ་བསྔགས་བརྗོད་དང་ཡོངས་ཁྱབ་ཀྱི་བརྩི་བཀུར་ཐོབ་ཡོད།
     “དཔེ་ཁྲིད་དགེ་རྒན་རྙེད་སླ་ཡང་། མི་སྐྱོང་དགེ་རྒན་འཕྲད་པར་དཀའ”མི་ཞིག་ལ་དགེ་རྒན་བཟང་པོ་ཞིག་འཕྲད་པ་ནི་དེའི་བསོད་ནམས་ཡིན་པ་དང་། སློབ་གྲྭ་ཞིག་ལ་དགེ་རྒན་བཟང་པོ་ཞིག་ལྡན་པ་ནི་དེའི་གཟི་བརྗིད་ཡིན་པ། མི་རིགས་ཤིག་ལ་རྒྱུན་མི་ཆད་པའི་དགེ་རྒན་བཟང་པོ་ཡོད་པ་ནི་མི་རིགས་དེ་འཕེལ་རྒྱས་ཡོང་བའི་གཞི་རྩའི་བརྟེན་ས་དང་འབྱུང་འགྱུར་གྱི་བརྟེན་ས་ཞིག་ཡིན། དོན་སྙིང་དེའི་ཐོག་ནས་བརྗོད་ན། དགེ་རྒན་ལ་ཚད་གཞི་མཐོ་བ་དང་རེ་བ་ནན་པོ་འདོན་པ་ནི་བདེན་དོན་བསྙོན་མེད་ཅིག་ཡིན་པ་དེས་སློབ་མར་འགན་འཁུར་བ་དང་མི་རིགས་ལ་འགན་འཁུར་བ་ཞིག་རེད། ད་ཆ་དུས་རབས་གསར་པ་དང་དུས་བབ་གསར་པར་ཕྱོགས་སྐབས་སློབ་གསོར་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་བསྐྲུན་རྒྱུས་དགེ་རྒན་དཔུང་ཁག་གི་ནུས་པ་དང་ཆུ་ཚད་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་པས་ང་ཚོས་ངེས་པར་དུ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་ལས་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དགེ་རྒན་ཚོའི་སྣེ་ཁྲིད་དེ་ཕུགས་བསམ་གྱི་དད་སེམས་ཡོད་པ་དང་། ཀུན་སྤྱོད་བཟང་པོ་ལྡན་པ། ཤེས་རྒྱ་ཟབ་པ། བྱམས་བརྩེ་ལྡན་པ་བཅས་ཀྱི་དགེ་རྒན་བཟང་པོ་ཞིག་བྱེད་པ། སློབ་མའི་གཤིས་རྒྱུད་ལ་སྦྱོང་བརྡར་བྱེད་པ། ཤེས་བྱ་སློབ་སྦྱོང་བྱེད་པ། བསམ་གཞིག་གསར་གཏོད་བྱེད་པ། མེས་རྒྱལ་ཆེད་ལེགས་སྐྱེས་འབུལ་བ་བཅས་ཀྱི་ལམ་སྣེ་འཁྲིད་མཁན་ཞིག་བྱས་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་སྟོབས་ཆེན་ཞིག་བསྐྲུན་རྒྱུར་གཞོལ་དགོས།
     དགེ་རྒན་ནི་སློབ་གཉེར་གྱི་རྩ་བ་དང་སློབ་དར་གྱི་འབྱུང་ཁུངས་ཤིག་ཡིན། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ཁ་གསལ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དགེ་རྒན་གྱི་ཀུན་སྤྱོད་དང་དར་སྲོལ་ནི་དགེ་རྒན་དཔུང་ཁག་གི་བྱང་ཚད་ལ་གདེང་འཇོག་བྱེད་པའི་ཚད་གཞི་ཨང་དང་པོ་ཡིན། དགེ་རྒན་གྱི་རིག་གནས་མཐོང་རྒྱ་ཆེ་རུ་གཏོང་བ་དང་། དགེ་རྒན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། དགེ་རྒན་གྱི་སློབ་གསོའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དགེ་རྒན་ཉིད་སྔོན་ཐོན་བསམ་བློ་དང་རིག་གནས་ཁྱབ་སྤེལ་མཁན་དང་། ཏང་གིས་སྲིད་སྐྱོང་བར་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་མཁན། སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་མཛུབ་ཁྲིད་པ་དང་ལམ་སྣེ་འཁྲིད་མཁན་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་དགེ་རྒན་ནི་བླ་ན་མེད་པ་ཞིག་དང་གཟི་བརྗིད་ལྡན་པ་ཞིག་རེད། དགེ་རྒན་ཚང་མས་གཟི་བརྗིད་དེར་གཅེས་སྤྲས་དང་ལས་རིགས་དེར་དགའ་ཞེན་བྱས་ནས་རང་ངོས་ལ་བླང་བྱ་ནན་པོ་བཏོན་ཏེ་རང་ངོས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། དཔེ་ཁྲིད་མི་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སློབ་གསོར་དགའ་ཞེན་བྱེད་པའི་ངེས་ཤུགས་དང་ཁེ་གྲགས་སྤོང་བའི་བསམ་བློ་བརྟན་པོ་དགོས་པ། གཅེས་སེམས་ལ་བརྟེན་ནས་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། བརྩེ་དུང་ཆེ་རུ་གཏོང་བ། བརྩེ་སེམས་ཁྱབ་སྤེལ་བཅས་བྱེད་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་དར་སྤེལ་བཏང་སྟེ་དགེ་རྒན་གྱི་ཆབ་སྲིད་གནས་བབ་དང་། སྤྱི་ཚོགས་ཀྱི་གནས་བབ། ལས་རིགས་ཀྱི་གནས་བབ་བཅས་མཐོ་རུ་ཧུར་ཐག་བཏང་ནས་རྒྱ་ཆེའི་དགེ་རྒན་ཚོར་ལྡན་དགོས་ངེས་ཀྱི་སྤྱི་ཚོགས་ཀྱི་སྙན་གྲགས་ལྡན་པ་བྱེད་དགོས་པ་མ་ཟད། སློབ་གསོའི་མ་དངུལ་དགེ་རྒན་ལ་སྔར་ལས་མང་བ་བཏང་སྟེ་དགེ་རྒན་གྱི་ཐོབ་ཐང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རྒྱ་ཆེའི་དགེ་རྒན་ཚོས་བློ་བདེའི་ངང་སློབ་ཁྲིད་དང་སྤྲོ་བ་ཆེན་པོས་སློབ་ཁྲིད་ཐུབ་པ་བྱེད་དགོས།