འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་17ཉིན།

༄༅།།སི་ཁྲོན་གྱིས་ནུབ་རྒྱུད་དྲ་ཐོག་ཚོང་དོན་གྱི་གསར་གཏོད་ལས་གཏོད་ལྟེ་གནས་བཙུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་17ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། གསར་འགོད་པར་2018ལོའི་ཀྲུང་གོའི(སི་ཁྲོན)དྲ་ཐོག་ཚོང་དོན་འཕེལ་རྒྱས་དབུ་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། འདི་ལོའི་ཟླ་དང་པོ་ནས་དྲུག་པ་བར་སི་ཁྲོན་ཞིང་ཆེན་གྱི་དྲ་ཐོག་གི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་16178.8ཟིན་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་དྲ་ཐོག་ཚོང་དོན་ལས་དོན་དེ་ཉིད“ནུབ་རྒྱུད་ཀྱི་དྲ་ཐོག་ཚོང་དོན་གསར་གཏོད་ལས་གཏོད་ལྟེ་གནས་བསྐྲུན་པའི”སྤྱིའི་དམིགས་ཚད་ལ་གཞིགས་ཏེ“ཁེ་ལས་ཡོངས་དྲ་ཐོག་ཏུ་ཞུགས་པ་དང་། དམངས་ཡོངས་དྲ་རྒྱ་དང་འབྲེལ་མཐུད་བྱེད་པ། དྲ་ཐོག་ཚོང་དོན་གྱི་དཔེ་སྟོན་བཏོད་པ། དྲ་ཐོག་ཚོང་དོན་གྱིས་དབུལ་སྐྱོར་བྱེད་པ”བཅས་ཀྱི་འདུ་འགོད་ཆེ་མོ་བཞི་ལག་ལེན་གཏིང་ཟབ་བསྟར་བས། དྲ་ཐོག་ཚོང་དོན་གྱི་བསྡོམས་འབོར་ལོ་5བསྟུད་མར་ཆ་སྙོམས་ལོ་རེར་45%ཡན་འཕར་ཡོད། མིག་སྔར་སི་ཁྲོན་ཞིང་ཆེན་གྱི་དྲ་ཐོག་ཚོང་ཁང་ཁྲི་80ལྷག་ཙམ་ཟིན་པ་དང་། ལོའི་བྲིན་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཡན་ཟིན་པའི་དྲ་ཐོག་ཚོང་ཁང་30ལྷག་ཙམ་ཟིན་ཡོད། སི་ཁྲོན་དུ་ལས་སྟེགས་ཡོད་པའི་ཁེ་ལས་350དང་། ཅིང་ཏུང་དང་སུའུ་ཉིང་སོགས་སྣེ་འདྲེན་ཁེ་ལས་ཀྱིས་སི་ཁྲོན་དུ་ས་ཁོངས་སྤྱི་ཁྱབ་པུའུ་བཙུགས་ཡོད་ཅིང་། རྒྱལ་ཡོངས་ཀྱི་དྲ་རྒྱའི་སིལ་འཚོང་ཁེ་ལས་ལེགས་གྲས་100ཡི་ཁྲོད་ནས་80%སི་ཁྲོན་དུ་གཞིས་ཆགས་ཡོད་པ་རེད།
       སི་ཁྲོན་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་ཁྲུན་ཤོན་གྱིས་ཐོན་ལས་དབུལ་སྐྱོར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཡིན་པའི་ངོས་ནས་སི་ཁྲོན་ཞིང་ཆེན་གྱིས་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་གོ་སྐབས་དང་བསྟུན་ཏེ། རྒྱལ་ཁབ་རིམ་པའི་དྲ་ཐོག་ཚོང་ཁང་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་90དང་ཞིང་ཆེན་རིམ་པའི་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་དཔེ་སྟོན་རྫོང་30བཙུགས་ཡོད། མིག་སྔར་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་ཐོན་ལས་འཁོར་སྦྲེལ་གྱིས་མི་འབོར་དབུལ་པོ་དང་དབང་པོ་སྐྱོན་ཅན་ཁྲི་2ལྷག་ཙམ་དེའི་ནང་ལས་ཞུགས་ཐུབ་པ། དྲ་ཐོག་ཚོང་ཁང་དང་དྲ་ཐོག་ཚོང་དོན་གྱི་ཕྲན་ཚེགས་ཁེ་ལས་1950ཙམ་གསར་དུ་བཙུགས་པས་ས་ཁུལ་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་3250མང་དུ་ཕྱིན་ཡོད་ཅེས་བརྗོད།
       ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་སུ་སི་ཁྲོན་གྱི་དྲ་ཐོག་ཚོང་དོན་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་དང་སི་ཁྲོན་གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མགྱོགས་སུ་གཏོང་ཆེད“2018ཀྲུང་གོ(སི་ཁྲོན)གྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་དབུ་ཚོགས”ཟླ་10ཚེས་18དང་19ཉིན་ནེ་ཅང་དུ་འཚོག་རྒྱུ་རེད།