འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་17ཉིན།

༄༅།།ཀྲུང་གོའི་ལྕགས་ལམ། ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་ཐོག་གི“ཀྲུང་གོའི་མིང་བྱང” 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་17ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལོ་མང་རིང་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པའི་ཁྲོད“ཀྲུང་གོའི་ལྕགས་ལམ”ནི་མཚར་སྡུག་བཀྲ་བའི་མཛེས་ལྗོངས་ཤིག་རེད། ཐན་ཙན་ལྕགས་ལམ་ནས་ཡ་ཅི་ལྕགས་ལམ་དང་། མོང་ནེ་ལྕགས་ལམ། ཨ་ཁ་ལྕགས་ལམ་ལ་སོགས་བར་ཀྲུང་གོའི་ཚད་གཞི་དང་ཀྲུང་གོའི་ལག་རྩལ་ལ་བརྟེན་ནས་བསྐྲུན་པའི་ལྕགས་ལམ་གྱིས་ཨ་ཧྥེ་རི་ཁའི“ངར་ལྕགས་ཀྱི་སྒྲོམ་གཞི”བཏེགས་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“ཀྲུང་གོའི་མིང་བྱང”ཞིག་ཏུ་གྱུར་བ་རེད།
          2018ལོའི་ཟླ་5ཚེས་31ཉིན་ནི་ཁེན་ནི་ཡའི་མོང་པ་ས་ནས་ནེ་རོ་པི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་འཁོར་བའི་ཉིན་མོ་ཡིན་ཞིང་། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་གློག་ཤུགས་ཅན་གྱི་ལྕགས་ལམ་དེ་ནི་ཁེན་ནི་ཡ་རང་བཙན་བྱུང་ཚུན་གྱི་་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཆེ་ཤོས་དེ་ཡིན་པ་དེས་ཁེན་ནི་ཡའི་GDPའཕར་རྒྱུར་སྐུལ་ཁྲིད་བྱེད་ཚད་1.5%ལས་བརྒལ་བ་རེད།
         འདི་ལོ་ནི་ཐན་ཙན་ལྕགས་ལམ་བསྐྲུན་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ལོ་50འཁོར་བའི་ལོ་ཞིག་ཀྱང་རེད།
         ཀྲུང་གོ་སྲིད་གཞུང་གིས་ཕྱི་ཕྱོགས་སུ་རོགས་སྐྲུན་བྱས་པའི་ལྕགས་ལམ་དང་པོ་དེ་ཡིན་པའི་ངོས་ནས་ཐན་ཙན་ལྕགས་ལམ་དེ་ནི་ཐན་ཙན་ནི་ཡ་དང་ཙན་པི་ཡ་རྒྱལ་ཁབ་གཉིས་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་མ་ལམ་ཞིག་ཡིན་ཞིང་། 1967ལོར་ཐན་ཙན་ལྕགས་ལམ་གྱི་གྲོས་དོན་བཞག་པ་ནས་1970ལོར་སྐྲུན་འགོ་བཙུགས་པ་དང་དེ་ནས་1976ལོར་ལམ་ཐིག་ཡོངས་སུ་མེ་འཁོར་ཤར་གཏོང་ཐུབ་པའི་བར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས(དེ་སྔའི་ལྕགས་ལམ་པུའི་ཕྱི་ཕྱོགས་རོགས་སྐྲུན་གཞུང་དོན་ཁང)སྔ་རྗེས་སུ་ལས་གྲྭའི་ལག་རྩལ་དང་དོ་དམ་མི་སྣ་མི་ཐེངས་ཁྲི་5.6ཕྱི་རྒྱལ་དུ་བཏང་ནས་རང་བྱུང་ཁོར་ཡུག་དང་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཁྱད་བསད་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཀྱི་མཚོན་རྟགས་ཡིན་པའི་ངར་ལྕགས་ལམ་ཆེན་བསྐྲུན་པ་རེད།
          ལོ་50ཡི་རིང་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཞིང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་དང“རྒྱུད་གཅིག་ལམ་གཅིག”གྱི་གྲོས་འགོ་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བ་དང་སྦྲགས་ཀྲུང་གོའི་ལྕགས་ལམ་ཀུང་སིས་སླར་ཡང་ཨ་ཧྥེ་རི་ཁའི་འཛུགས་སྐྲུན་ནང་ཞུགས་པ་རེད།
         ཨ་ཧྥེ་རི་ཁ་ཤར་མའི་གྲུ་ཁ་ཆེ་ཤོས་དེ་ཡིན་པའི་མོང་པ་ས་གྲུ་ཁ་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ནས་སྔོན་དཔག་བྱས་ན་2030ལོར་སླེབས་སྐབས་གྲུ་ཁའི་ལོའི་འབེབས་འཇུག་བྱེད་ཚད་མིག་སྔའི་ཏུན་ཁྲི་1900ཙམ་ནས་ཏུན་ཁྲི་3000ལྷག་ཙམ་བར་འཕར་རྒྱུ་རེད། དེས་ན་སྔར་ཡོད་ཀྱི་གྲུ་ཁ་དང་འབྲེལ་མཐུད་བྱེད་པའི་ཁ་ཞེང་སྨི་གཅིག་ལས་མེད་པའི་ལྕགས་ལམ་དེ་ལོ་མང་རིང་ཉམས་གསོ་མ་བྱས་པའི་རྐྱེན་གྱིས་སྔ་ས་ནས་འགྲིམ་འགྲུལ་གྱི་དགོས་མཁོ་སྐོང་མི་ཐུབ་སྟབས་ལྕགས་ལམ་གསར་པ་བསྐྲུན་རྒྱུ་དེ་མ་སྒྲུབ་ཐབས་མེད་ཀྱི་བྱ་བ་ཞིག་རེད།
         2014ལོའི་ཟླ་12པར་རིང་ཚད་སྤྱི་ལེ་480དང་འཛུགས་སྐྲུན་རིན་ཐང་ཨ་སྒོར་དུང་ཕྱུར་38ཙམ་ཟིན་པའི་ལམ་ཐིག་ཡོངས་སུ་ཀྲུང་གོའི་ཚད་གཞི་སྤྱད་པའི་ཚད་ལྡན་ལྕགས་ལམ—མོང་ནེ་ལྕགས་ལམ་སྐྲུན་འགོ་ཚུགས་པ་རེད།
         2017ལོའི་ཟླ་7པར་ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པ་དང་པེན་ཀེ་ལ་ལྕགས་ལམ་ཅུས་དབར་ལྕགས་ལམ་རྩིས་སྤྲོད་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ཐོག་ནས་དུས་ཡུན་ལོ་བཅུ་ལྷག་ཙམ་རིང་འཛུགས་སྐྲུན་བྱེད་པ་དང་ནུབ་རྒྱ་མཚོ་ཆེ་མོའི་གྲུ་ཁའི་གྲོང་ཁྱེར་ལུའོ་པི་ཐུའོ་དང་ཤར་རྒྱུད་མཐའ་མཚམས་གྲོང་ཁྱེར་ལུའུ་ཨའོ་དང་འབྲེལ་མཐུད་བྱེད་པའི་པེན་ཀེ་ལ་ལྕགས་ལམ་གྱི་འཛུགས་སྐྲུན་ལས་འགན་ཡོངས་སུ་ལེགས་གྲུབ་ཟིན་པ་མཚོན་གྱི་ཡོད་པ་རེད།
       པེན་ཀེ་ལ་ལྕགས་ལམ་ལ་ཁྱོན་རིང་ཚད་སྤྱི་ལེ་1344ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་90ཇུས་འགོད་བྱས་པ་དེ་ནི་ཨན་ཀེ་ལའི་ལོ་རྒྱུས་ཐོག་གི་ལམ་ཐག་རིང་ཤོས་དང་། མྱུར་ཚད་མགྱོགས་ཤོས། གཞི་ཁྱོན་ཆེ་ཤོས་བཅས་ཀྱི་དེང་རབས་ཅན་གྱི་ལྕགས་ལམ་རྣམ་གྲངས་ཤིག་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོར་པེན་ཀེ་ལའི་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་12.5ཟིན་པ་དང་2018ལོའི་ལོ་སྟོད་དུ་མི་ཐེངས་ཁྲི་58.4ཟིན་ནས་སྔོན་དཔག་བྱས་ན་ལོ་མཇུག་ཏུ་མི་ཐེངས་ཁྲི་120ལས་ཚད་བརྒལ་ཐུབ་རྒྱུ་རེད། ཟོག་འདྲེན་ཐད་2011ལོ་འཁོར་གྱི་ཏུན་7000ཙམ་ནས་འདི་ལོའི་ལོ་སྟོད་ཀྱི་ཏུན་ཁྲི་21བར་འཕར་ཏེ་ཚོད་དཔག་བྱས་ན་ལོ་འཁོར་མོར་ཏུན་ཁྲི་50ཟིན་རྒྱུ་རེད།