འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་17ཉིན།

༄༅།།དབང་སྐྱོན་མི་སྣར་རེ་བ་དང་སྤྲོ་སྣང་སྦྱིན་པ། 

—— ཕ་རི་སིའི“སྤྲོ་སྣང་དོད་པའི་ཀོག་ཧྥེ་ཁང”གི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་17ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། མི་རིང་བའི་གོང་། ཧྥ་རན་སེའི་ཕ་རི་སི་གྲོང་ཁྱེར་ཁུལ་གཉིས་པའི་ལྟེ་གནས་སུ“སྤྲོ་སྣང་དོད་པའི་ཀོག་ཧྥེ་ཁང་ཆུང་ཆུང”ཞེས་པ་ཞིག་བཙུགས་པ་དང་། འདིར་ལས་མི་དབང་སྐྱོན་མི་སྣ་མ་གཏོགས་མི་བསྡུ་བ་དང་། ཁོང་ཚོར་ལས་ཞུགས་ཀྱི་གོ་སྐབས་སྤྲོད་པ་དང་དུས་མཚུངས་མི་ཚོགས་དཀྱུས་མས་དམིགས་བསལ་གྱི་ཚོགས་སྤྱི་དེ་ཤེས་རྟོགས་ཐུབ་ཆེད་ལས་སྟེགས་ཤིག་བཏོད་ཡོད།
        སྐུ་མགྲོན་བསུ་བའི་འགན་འཁུར་མཁན་ནི་ལྷན་སྐྱེས་བློ་རིག་ཞན་པའི་ཕྱོགས་བསྡུས་ནད་ཕོག་པའི་ལས་མི་ཨའེ་མོ་ལི་ཁོ་ཡིན་པ་དང་། ཁོང་ནི་སྐུ་མགྲོན་བསུ་མཁན་དང་ཚལ་སྐྱེལ་མཁན་རེད། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་ཆེད་ཟ་ཁང་གི་སྤྱི་གཉེར་བ་ཁཱ་སྨི་ཡེ·ལུའོ་ཏེ་ཝས“གལ་ཏེ་ང་སྐུ་མགྲོན་ཡིན་ན། ཁྱོད་ཀྱིས་དུས་ཐོག་ཏུ་ང་ལ་སྒོ་འབྱེད་དགོས། སྐུ་ཉིད་ཕེབས་པར་དགའ་བསུ་ཞུ”ཞེས་ཨའེ་མོ་ལི་ཁོར་སྐུ་མགྲོན་སླེབས་སྐབས་ཀྱི་ཞབས་ཞུ་བྱེད་སྟངས་ཡང་ཡང་བསླབས།
        “སྤྲོ་སྣང་དོད་པའི་ཀོག་ཧྥེ་ཁང”ནི་སེམས་སྦུག་དོག་པའི་ནད་ཕོག་པའམ་ཡང་ན་ཤེས་ཚོར་ཞན་པའི་ལས་མིས་གཉེར་སྐྱོང་བྱེད་པ་དང་འབྲེལ། སྤྱི་གཉེར་བ་གསུམ་གྱིས་ཟ་ཁང་དང་ཐབ་ཚང་གི་དོ་དམ་གྱི་འགན་ཁུར་བ་དང་གཅིག་གྱུར་མཐུན་སྦྱོར་བྱེད་ཀྱི་ཡོད།
         ཟླ་བ་ཁ་ཤས་གོང་ལུའོ་ཏེ་ཝས་ཀོག་ཧྥེ་ཁང་འཛུགས་པའི་གྲ་སྒྲིག་དང་ལས་མི་བསྡུ་བའི་འགན་ཁུར་བ་དང་དེ་བཞིན་གསོ་སྦྱོང་ལས་དོན་ནང་ཞུགས་ཤིང་། ཁོང་གིས“ང་ཚོས་ལས་མིའི་ཤེས་ཚོར་ལ་གཞིགས་ནས་ལས་གནས་བགོ་བཤའ་བརྒྱབ་པ་དང་འབྲེལ། བྱ་ཐབས་མང་པོ་སྤྱད་ནས་ཁོང་ཚོས་ལས་ཀ་བྱེད་ཐུབ་རྒྱུར་རོགས་རམ་བྱེད་ཀྱི་ཡོད”ཅེས་བརྗོད།
       ཟ་མ་བཟའ་རྒྱུ་སྟབས་བདེ་ཡོང་ཆེད་སྐུ་མགྲོན་གྱིས་ཞབས་ཞུའི་ལས་སྟེགས་སུ་ཚལ་མངགས་རྗེས་ཚོན་ཁྲ་ཅན་གྱི་ཅོག་ཙེའི་ཨང་རྟགས་ཀྱི་ཚབ་བྱེད་ཕྱོགས་བསྡུས་རྩེད་ཆས་ཤིག་ལེན་གྱི་ཡོད། “དེ་ལྟར་བྱས་ཚེ་ཁོང་ཚོས་ཟ་མ་སྐྱེལ་སྐབས་ཚོན་མདོག་གཅིག་མཚུངས་ཀྱི་རྩེད་ཆས་ཁྱེར་ནས་སྐུ་མགྲོན་འཚོལ་ཐུབ་པས། ཧ་ཅང་སྟབས་བདེ་པོ་འདུག”ཅེས་ལུའོ་ཏེ་ཝས་བརྗོད། བདེ་ཐང་མི་སྣ་ལས་དབང་སྐྱོན་མི་སྣ་ཐང་ཆད་སླ་བས་ལས་མི་ཚང་མས་རང་ངོས་ཀྱི་གཟུགས་པོའི་གནས་ཚུལ་དང་བསྟུན་ནས་དུས་ཚོད་ལེགས་སྒྲིག་བྱེད་ཆོག་ཅིང་། ལུའོ་ཏེ་ཝས“གཟའ་འཁོར་རེའི་ལས་ཀའི་དུས་ཚོད་ནི་ཆུ་ཚོད་17ནས་35བར་ཡིན”ཞེས་བརྗོད།
        “སྤྲོ་སྣང་དོད་པའི་ཀོག་ཧྥེ་ཁང”རྣམ་གྲངས་དེ་ཧྥ་རན་སེའི་ཁེ་ལས་མཁས་ཅན་ཨའེ་མོ་ལུའོ་ཏའེ་ཚོགས་པའི་འགན་ཁུར་བ་ཡཱ་ན·པའེ་ཁ་ཡེ·ལང་ལེ་ཀྲ་ཁེས་བཙུགས་པ་ཞིག་རེད། ཁོང་དུས་རྟག་ཏུ་སྤྱི་ཕན་བྱ་གཞག་བསྒྲུབ་རྒྱུར་དགའ་བ་དང་། ཧྥ་རན་སེར་སེམས་སྦུག་དོག་པའི་ནད་ཕོག་མཁན་ལས་ཀ་ཤོར་ཚད་90%ཟིན་པ་ཤེས་རྗེས། ཁོང་ལ“སྤྲོ་སྣང་དོད་པའི་ཀོག་ཧྥེ་ཁང”འཛུགས་རྒྱུའི་འཆར་གཞི་ཡིད་ལ་འཁོར་བ་དང་། ཀོག་ཧྥེ་ཁང་གི་ཁེ་བཟང་ཚང་མ་ཨའེ་མོ་ལུའོ་ཏའེ་ཞལ་འདེབས་ཐེབས་རྩ་ལྷན་ཚོགས་ལ་ཕུལ་ཏེ་དགེ་ལས་བྱ་གཞག་ལ་སྤྱད་ཡོད།
        “སྤྲོ་སྣང་དོད་པའི་ཀོག་ཧྥེ་ཁང”གི་རྣམ་གྲངས་ཀྱིས་དབང་སྐྱོན་མི་སྣའི་འཚོ་བར་རེ་བ་དང་སྤྲོ་སྣང་སྦྱིན་ཡོད།
        “འདི་ནི་ངའི་ལས་ཀ་དང་པོ་དེ་ཡིན”ཞེས་ཞབས་ཞུའི་ལས་སྟེགས་རྒྱབ་ཏུ་ལས་ལ་བྲེལ་བཞིན་པའི་ཅི་ཡའོ་མུའུ་ཡིས་གསར་འགོད་པར་བཤད་པ་དང་། ཁོང་གིས“ལས་ཀ་བྱེད་དུས་དཀའ་ལས་ཁག་པོ་འདུག་མོད། འོན་ཀྱང་འདིར་ལས་ཀའི་ཁོར་ཡུག་སྐྱིད་པོ་འདུག མི་ཚང་མ་སྤྲོ་པོ་བྱུང་འདུག་པས་འདི་ནི་སྤྲོ་སྣང་ལྡན་པའི་ཀོག་ཧྥེ་ཁང་ཞིག་རེད། ཀོག་ཧྥེ་ཁང་ཆུང་ཆུང་དེ་བས་མང་བ་བཙུགས་ནས་དབང་སྐྱོན་མི་སྣ་དེ་བས་མང་བར་ལས་ཀ་འཚོལ་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།
          ལང་ལེ་ཀྲ་ཁེས་བྱ་ཐབས་དེ་རིགས་ལ་ཐོག་མའི་དུས་སུ་མི་རྣམས་ཀྱིས་དང་ལེན་མི་བྱེད་པའམ་ཡང་ན་སྐྲག་སྣང་བྱེད་ཀྱི་ཡོད། “མཚམས་རེ་མི་རྣམས་ཀྱིས་དབང་སྐྱོན་དང་དཀའ་ངལ་གཅིག་ཏུ་འབྲེལ་བ་བྱེད་མོད། འོན་ཀྱང་། སྤྲོ་སྣང་དོད་པའི་ཀོག་ཧྥེ་ཁང་གི་མི་རྣམས་ཀྱིས་དབང་སྐྱོན་དང་ནུས་པ་མང་བ་དང་། མ་འཇོག་དེ་བཞིན་སྤྲོ་སྣང་འབྲེལ་བ་བྱེད་ཀྱི་ཡོད”ཅེས་བརྗོད། ཁོང་གིས་མུ་མཐུད་ཕ་རི་སི་དང་ཧྥ་རན་སེའི་གྲོང་ཁྱེར་གཞན་དག་ཏུ“སྤྲོ་སྣང་དོད་པའི་ཀོག་ཧྥེ་ཁང”དེ་བས་མང་བ་བཙུགས་ནས་རེ་བ་དང་སྤྲོ་སྣང་མི་དེ་བས་མང་བར་སྦྱིན་རྩིས་བྱེད་ཀྱི་འདུག ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་མན་གྱིས།