འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་17ཉིན།

༄༅།།མཚོ་སྔོན་བོད་རིགས་ས་ཁུལ་གྱིས་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པར་ཕན་འབྲས་
རགས་ཙམ་ཐོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་17ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། མགོ་ལོག་ཀྲོའུ་ནི་མཚོ་བོད་ས་མཐོའི་ལྟེ་བ་རྨ་ཆུའི་འགོ་ཁུངས་སུ་ཡོད་ལ། དེར་གངས་རི་དང་གཙང་པོ་མང་པོ་ཡོད་ཅིང་། སྤྱི་ཆིང་ཁྲི་70གཙང་གསུམ་ཆུ་འགོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ལྟེ་བའི་ཁུལ་དུ་ཚུད་ཡོད། དུས་ཡུན་རིང་པོར། འབྲོག་ལས་ནི་ས་གནས་དེའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་རེད། ཡིན་ན་ཡང་སྒོ་ཕྱུགས་མང་དྲགས་པ་དང་མིའི་གཏོར་བརླག་ཐེབས་པ་སོགས་ཀྱིས་རྐྱེན་པས་ས་གནས་དེའི་རྩྭ་ར་བྱེ་འགྱུར་དང་ཞན་འགྱུར་གནས་ཚུལ་ཚབས་ཆེན་ཆགས་ཤིང་། མི་རྩྭ་ཕྱུགས་གསུམ་དབར་གྱི“འགལ་བ”ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་པས། མི་སེར་ཚོ་འབབ་འཕར་དཀའ་བ་དང་དབུལ་སྒྲོལ་དཀའ་བར་གྱུར།
     “2008ལོར་གྲོང་ཚོ་ཡོངས་ཀྱི་འབྲོག་དུད་224ཡི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་570ལས་མེད། ན་ནིང་མཉམ་ལས་ཁང་གིས་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་1ལ་ཉེ་བ་བགོ་བཤའ་བརྒྱབ་བྱུང”བཙན་སྲུང་གིས་གྲོང་ཚོའི་འཕོ་འགྱུར་འདི་ལྟ་བུ་ནི་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་བཏང་བ་ལས་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད།
     2008ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་མ་རྐང་ལམ་ལུགས་ལ་བསྒྱུར་རྒྱུ་ལྟེ་བར་བྱེད་པ་དང་སྣོད་བཅུད་སྲུང་སྐྱོང་རྒྱུ་རྐྱེན་དང་པོར་བྱེད་པའི་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་འགོ་བཙུགས་པ་རེད།
     ས་བབ་མཐོ་ཚད་སྨི་3950ཟིན་པའི་གངས་ལུང་གྲོང་ཚོ་ནི་འབྲོག་ལས་འབའ་ཞིག་གི་གྲོང་ཚོ་ཞིག་རེད། བཙན་སྲུང་གིས“གྲོང་ཚོའི་སྡོང་ཕྲན་ནགས་ཚལ་དང་ས་ནག་གི་རྒྱ་ཁྱོན་ཆེ་ཞིང་རང་བྱུང་རྩྭ་རའི་རྒྱ་ཁྱོན་ཆུང་བས”2008ལོ་ནས་བཟུང་། སྲིད་གཞུང་གི་རོགས་སྐྱོར་འོག གངས་ལུང་གྲོང་ཚོས་སྲིད་གཞུང་གི་ཁ་གསབ་མ་དངུལ་སྤྱད་ནས་རྩྭ་ར་དང་ཕྱུགས་རིགས་མ་རྐང་དུ་བསྒྱུར་ཏེ་གྲོང་ཚོ་ཧྲིལ་པོའི་ཐོན་ཁུངས་མ་རྐང་ལམ་ལུགས་ལ་བསྒྱུར་རྒྱུ་ལེགས་གྲུབ་བྱུང་ནས། སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་བཙུགས་ནས་ལེགས་བསྡུས་ཅན་གྱི་འཕེལ་རྒྱས་བཏང་བ་ཡིན་ཞེས་བརྗོད།
     མིག་སྔར། གངས་ལུང་གྲོང་ཚོ་ཡོངས་ཀྱི་ནོར་ནག་2502དང་རྩྭ་ར་མུའུ་ཁྲི་13ཙམ་མ་རྐང་དུ་བསྒྱུར་ནས་མཉམ་ལས་ཁང་ལ་ཞུགས་པ་དང་། མཉམ་ལས་ཁང་གིས་རྩྭ་རར་གཞིགས་ནས་ཕྱུགས་གསོ་ཚགས་ཡག་པོ་དང་། རྩྭ་ར་ཁུལ་ཕྱེ་ནས་ཕྱུགས་འཚོ་རེས་བྱེད་པ། དུས་ཚིགས་རང་བཞིན་གྱི་ཕྱུགས་འཚོ་རེས་བྱེད་པ། མཉམ་ལས་ཁང་གི་ལས་མི་ཚོར་ལས་བགོས་ཁ་གསལ་དང་རྩོལ་བསྟུན་ཐོབ་ལེན་དང་། མ་རྐང་གི་མང་ཉུང་ལྟར་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད་ཅིང་། གྲོང་ཚོ་ཡོངས་ཀྱི་གྲོང་མི་100%མཉམ་ལས་ཁང་ལ་ཞུགས་ཡོད་པ་རེད། བཙན་སྲུང་གིས“ན་ནིང་གི་ལོ་མཇུག་ཏུ། མཉམ་ལས་ཁང་གི་ཡོང་འབབ་ཁེ་གཙང་སྒོར་ཁྲི་240ཙམ་ཟིན་པ་དང་ཆབས་ཅིག ལོ་བཅུའི་གོང་དང་བསྡུར་ན་མཉམ་ལས་ཁང་གིས་ཕྱུགས་ཉུང་དུ་གཏོང་ཚད་50%ཙམ་ཟིན་ཡོད”ཅེས་བརྗོད།
     “འབྲོག་དམངས་རྐང་དམངས་སུ་གྱུར་པ་དང་། ཕྱུགས་གྲངས་ཉུང་དུ་ཕྱིན་ཡང་ཡོང་འབབ་ཆག་མེད”མིག་སྔར་མགོ་ལོག་ཏུ་གངས་ལུང་ལྟ་བུའི་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་107ཡོད་ལ། སྣོད་བཅུད་འབྲོག་ལས་འཕེལ་རྒྱས་ཕྱིན་ནས་མི་སེར་ཚོའི་འཚོ་བ་ལེགས་སུ་ཕྱིན་ཡོད།
     མགོ་ལོག་ཀྲོའུ་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཤང་གཉན་རྭ་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་གི་ཕྱུགས་རྫི་རིག་བྷོ་ཡིས་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས་འདུག རིག་བྷོ་ནི་གྲོང་ཚོ་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་ལ། སྔོན་ཆད་ཕྱིར་ལས་ཀར་བསྐྱོད་ཀྱང་ལོ་རེར་ཁྱིམ་ཚང་གི་ཡོང་འབབ་སྒོར་8000ཡང་ཟིན་གྱི་མེད། “ད་ཆ་ངས་མཉམ་ལས་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ལོ་རེར་གླ་ཕོགས་སྒོར་ཁྲི་3ལྷག་ཡོད་པའི་ཁར་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་བསྣན་ཚེ་ལོ་རེར་ཡོང་འབབ་སྒོར་ཁྲི་5རག་གི་འདུག”ད་ཆ་ལྟོ་གོས་ཀྱི་གནད་དོན་ཐག་ཆོད་པས་རེ་བ་ཆེ་ཤོས་ནི་བུ་མོས་སློབ་སྦྱོང་ཡག་པོ་བྱས་ནས་ཕྱིར་སྐྱོད་ཐུབ་རྒྱུ་དེ་ཡིན་ཞེས་རིག་བྷོས་བརྗོད།
     སྐྱས་སྤོའི་འཚོ་བ་དང་ཁ་བྲལ་ནས་གནས་གཏན་འཁེལ་གྱི་སྡོད་ཁང་རག མགོ་ལོག་ཀྲོའུ་དར་ལག་རྫོང་བྲག་འཁྱོག་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་གི་ཨ་མ་རྒན་མོ་དགའ་བདེ་ཡིས་མཉམ་ལས་ཁང་གིས་ང་ལ་བདེ་སྐྱིད་བྱིན་བྱུང་། “སྔོན་ཆད་ངའི་ཁྱིམ་གྱིས་སྐྱས་སྤོའི་འཚོ་བ་སྐྱེལ་གྱི་ཡོད་ལ། ཡོང་འབབ་བརྟན་པོ་མེད་པས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ད་ཆ་མཉམ་ལས་ཁང་དུ་ཞུགས་པ་དང་། ང་མཉམ་ལས་ཁང་གི་ཕྱུགས་རྫི་དང་འོ་མ་འཇོ་མཁན་ཡིན་པས་ཟླ་རེར་གླ་ཆ་སྒོར་1000ཡན་འདུག ཁྱིམ་གྱི་འཚོ་བ་ཡང་ལེགས་སུ་ཕྱིན་སོང”ཞེས་བརྗོད།
     འབྱུང་འགྱུར་གྱི་འཚོ་བ་གླེང་སྐབས། དགའ་བདེས“གཙོ་ཆེ་ཤོས་ནི་ཁོར་ཡུག་རེད། ཁོར་ཡུག་ཡག་པོ་བྱུང་ན་ཕྱུགས་རིགས་ཡག་པོ་ཡོང་གི་རེད། ཕྱུགས་རིགས་ཡག་པོ་བྱུང་ན་ང་ཚོའི་འཚོ་བ་ལེགས་སུ་འགྲོ་སྲིད”ཅེས་བརྗོད།
     སྣོད་བཅུད་འབྲོག་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་རྩྭ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་པར་གཞིགས་ན། ཉེ་བའི་ལོ་ལྔའི་རིང་། མགོ་ལོག་ཀྲོའུ་ཡི་ཨ་བྲའི་གནོད་འཚེ་ཕོག་ཁུལ་གྱི་རྒྱ་ཁྱོན་21.66%དང་ཨ་བྲའི་གནོད་འཚེ་ཕོག་ཁུལ་གྱི་རྒྱ་ཁྱོན་14.99%ཆུང་དུ་ཕྱིན་ཡོད། ཉེ་བའི་ལོ་གསུམ་རིང་། མགོ་ལོག་ཀྲོའུ་ཡི་སྔོ་ཁེབས་ཁྱབ་ཚད་དེ་སྔའི་57.77%ནས་60.62%བར་མཐོ་རུ་ཕྱིན་པ་དང་། ས་ནག་རྒྱ་ཁྱོན་2013ལོའི་མུའུ་ཁྲི་2615.4ནས་མུའུ་ཁྲི་2459.4བར་ཆུང་དུ་ཕྱིན་ཡོད།