འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་17ཉིན།

༄༅།།སྤྱི་ཚོགས་རིང་ལུགས་ཀྱི་འཛུཌ་སྐྲུན་པ་དང་རྒྱུན་འཛིན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། 

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་17ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་རྒྱུ་ནི་སློབ་གསོའི་གནད་དོན་ཨང་དང་པོ་དེ་རེད།
      “ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས”ཞེས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཀྱི་ཐོག་ནས་སློབ་གསོའི་ལས་དོན་གྱི་རྩ་བའི་ལས་འགན་དང་། སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་ཁ་ཕྱོགས་དང་དམིགས་ཚད་གསལ་སྟོན་གནང་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུའི་ཕྱོགས་དྲུག་ཐད་ཀྱི་གཙོ་གནད་ལས་འགན་གསལ་སྟོན་གནང་ཡོད། འདི་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་ཤེས་རྟོགས་སྨྲ་བ་དང་བརྟག་ཐབས་སྨྲ་བ་ཞིག་ཡིན་པས་སློབ་གསོ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
     གནའ་དེང་ཀྲུང་ཕྱིར་རྒྱལ་ཁབ་ཚང་མས་རང་ཉིད་ཀྱི་ཆབ་སྲིད་བླང་བྱ་གཞིར་བཟུང་། མི་སྣ་གསོ་སྐྱོང་བྱེད་ཀྱི་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག“རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་རེད། དེ་ལས་ང་ཚོའི་སློབ་གསོའི་ཐད་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩིས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་ཞུ་མཁན་མི་རབས་དུ་མ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆེད་ཚེ་གང་འབད་འཐབ་བྱེད་རྒྱུའི་ཕུགས་བསམ་འཆང་མཁན་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས”ཞེས་ནན་བཤད་གནང་བ་ལྟར་རེད། སློབ་གསོ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་ཐོག་མའི་བསམ་འདུན་མ་བརྗེད་པར་ངེས་པར་དུ་སློབ་གསོས་མི་དམངས་དང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་སྲིད་སྐྱོང་བར་ཞབས་འདེགས་ཞུ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་བ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་ཚང་མས་མི་སྣ་གསོ་སྐྱོང་དང་། བརྒྱུད་རིམ་ཧྲིལ་པོར་མི་སྣ་གསོ་སྐྱོང་། ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་མི་རབས་དུ་མ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་དགོས། དུས་གང་ཞིག་ཡིན་རུང་། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་བརྗེད་རྒྱུ་མེད་ལ་རྒྱལ་ཁབ་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་མི་རུང་།
     ང་ཚོས་གསོ་སྐྱོང་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་གཞི་རྩའི་བྱང་ཚད་དང་བསམ་པའི་ཉམས་འགྱུར་གང་འདྲ་ཞིག་ལྡན་དགོས་སམ་ཞེ་ན། ང་ཚོས་གསོ་སྐྱོང་བྱེད་པའི་མི་སྣར་ངེས་པར་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ཡོད་དགོས། དེ་འདྲ་ཞིག་མེད་ན། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་མི་ཐུབ། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པ་དང་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན་པས་ང་ཚོས་གསོ་སྐྱོང་བྱེད་པའི་མི་སྣར་ངེས་པར་དུ་རྒྱལ་གཅེས་ཀྱི་བསམ་བློ་ལྡན་པ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྲུང་གོ་བ་ཡིན་པ་མ་བརྗེད་པ་བྱེད་དགོས། མི་སྣ་གསོ་སྐྱོང་བྱེད་པའི་རྩ་བ་དེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྦྱོང་བྱ་རྒྱུར་ཐུག་ཡོད་པས་ང་ཚོས་གསོ་སྐྱོང་བྱེད་པའི་མི་སྣར་ངེས་པར་དུ་ཀུན་སྤྱོད་བཟང་པོ་སྔོན་དུ་འཇོག་པ་དང་རང་གཅུན་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གཅེས་སེམས་ཆེ་བ་དང་། ཀུན་སྤྱོད་བཟང་བ། བརྩེ་སེམས་ཟབ་པ་བཅས་ཡོད་དགོས་པ་དང་། ཤེས་བྱ་མ་སྦྱངས་ན་ཤེས་ལྡན་པར་འགྱུར་མི་ཐུབ་པས། ང་ཚོས་གསོ་སྐྱོང་བྱེད་པའི་མི་སྣར་ཀྲུང་གོའི་བརྩེ་སེམས་ལྡན་དགོས་ལ། འཛམ་གླིང་གི་མིག་རྒྱང་དང་རྒྱལ་སྤྱིའི་མཐོང་རྒྱའང་ལྡན་དགོས། དུས་དང་རྣམ་ཀུན་ཏུ་འབད་འཐབ་ཀྱི་སྙིང་སྟོབས་འདོར་མི་ཉན། ང་ཚོས་གསོ་སྐྱོང་བྱེད་པའི་མི་སྣར་ངེས་པར་དུ་ཕུགས་འདུན་ཆེན་པོ་བཅངས་ནས་འབད་འཐབ་བྱེད་ཕོད་པའི་བསམ་པའི་ཉམས་འགྱུར་དང་སྤྲོ་སྣང་ཡར་ཐོན་གྱི་མི་ཚེའི་རྣམ་འགྱུར་ལྡན་དགོས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ངེས་པར་དུ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས་པ་དང་། ང་ཚོས་གསོ་སྐྱོང་བྱེད་པའི་མི་སྣར་ངེས་པར་དུ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཀྱི་ཕྱོགས་བསྡུས་བྱང་ཚད་ལྡན་དགོས།
     ཇི་ལྟར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་སམ་ཞེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་ཕྱོགས་དྲུག་གི་ཐད་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་སྟེ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཤེས་བྱ་ཕུན་སུམ་ཚོགས་སུ་དང་མཐོང་རྒྱ་ཆེ་རུ་གཏོང་བ། འབད་འཐབ་ཀྱི་སྙིང་སྟོབས་རྒྱུད་ལ་འཇགས་པ་བྱེད་པ་དང་། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་དེ་ཡིན་པས། ང་ཚོས་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་བཅས་བྱེད་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་ཐད་འབད་བརྩོན་བྱས་ཏེ་སློབ་མའི“གདེང་ཚོད་བཞི”བརྟན་དུ་བཏང་ཚེ། གཞི་ནས་ཁོང་ཚོས་བློ་ཐག་ཆོད་པོས་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཐུབ་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བའི་ཐད་འབད་བརྩོན་བྱས་ཏེ་སློབ་མ་ཚོས་རྒྱལ་གཅེས་དང་ཏང་གཅེས་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཕན་ཚུན་གཅིག་གྱུར་ཡོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཚེ། གཞི་ནས་ཁོང་ཚོས་བློ་ཐག་ཆོད་པོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། བློ་ཐག་ཆོད་པོས་མི་དམངས་ཁྲོད་རྩ་བ་ཚུགས་པ་དང་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་ཐུབ་པ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་འབད་བརྩོན་བྱས་ཏེ་སློབ་མ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཚེ། གཞི་ནས་ཁོང་ཚོ་གཅེས་སེམས་ཆེ་བ་དང་། ཀུན་སྤྱོད་བཟང་བ། བརྩེ་སེམས་ཟབ་པ་བཅས་ཀྱི་མི་སྣར་འགྱུར་ཐུབ་པ། ཤེས་བྱ་ཕུན་སུམ་ཚོགས་སུ་དང་མཐོང་རྒྱ་ཆེ་རུ་གཏོང་བའི་ཐད་འབད་བརྩོན་བྱས་ཏེ་སློབ་མ་ཚོར་མཐོང་རྒྱ་ཆེ་རུ་གཏོང་བ་དང་ཤེས་བྱ་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཚེ། གཞི་ནས་ཁོང་ཚོས་བདེན་དོན་དོན་གཉེར་དང་། གནས་ལུགས་རྟོགས་པ། གནས་ལུགས་གསལ་པོ་ཤེས་པ་བཅས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ་པ། འབད་འཐབ་ཀྱི་སྙིང་སྟོབས་རྒྱུད་ལ་འཇགས་པར་བྱེད་པའི་ཐད་འབད་བརྩོན་བྱས་ཏེ་སློབ་མ་ཚོས་འགན་འཁྲི་འཁུར་ཕོད་པ་དང་འབད་འཐབ་ལྷོད་མེད་བྱེད་པའི་སྙིང་སྟོབས་ལ་བཞུན་བདར་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཚེ། གཞི་ནས་ཁོང་ཚོས་ཞུམ་མེད་ལས་བརྩོན་དང་འབད་བརྩོན་ལྷོད་མེད་བྱེད་ཐུབ་པ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་ཐད་འབད་བརྩོན་བྱས་ཏེ་སློབ་མ་ཚོས་ཕྱོགས་བསྡུས་ནུས་པ་གསོ་སྦྱོང་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཚེ། གཞི་ནས་ཁོང་ཚོ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་ཐུབ་པ་བཅས་ངེས་པར་དུ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས།
     ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བའི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་པ་དང་། སྤྱི་ཚོགས་འཕེལ་རྒྱས་དང་། ཤེས་བྱ་གསོག་འཇོག རིག་གནས་འཛིན་སྤེལ། རྒྱལ་ཁབ་ཡུན་གནས། ལམ་ལུགས་འཁོར་སྐྱོད་བཅས་ཀྱི་བླང་བྱ་དང་འཚམ་པའི་མི་སྣ་གསོ་སྦྱོང་བྱས་ཚེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དེ་མི་རབས་ནས་མི་རབས་བར་གྱི་རྒྱུན་མཐུད་འབད་འཐབ་ཁྲོད་མངོན་འགྱུར་ཐུབ་ངེས་ཡིན།